ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༧/༡༦

གར་ཞྭ་དང་སྤི་ཏེ་སོགས་ལ་ཐན་པ་བྱུང་ནས་ཆར་ཆུ་ཇེ་དཀོན།


༄༅།། རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེའི་ཁོངས་སུ་གཏོགས་སུ་གར་ཞྭ་དང་སྤི་ཏེ་གཉིས་ལ་ཡུན་རིང་ཐན་པ་བྱུང་སྟེ་ཆར་ཆུ་ཇེ་དཀོན་དུ་གྱུར། ས་གནས་མི་མང་གིས་ཚོད་མ་མགོ་ལོག་དང་མེ་ཚལ་ལྗང་ཁུ། ལྕ་ཚལ། རྗེན་ཚལ། སྲན་མྱུག ལ་སེར་དང་སྲན་ལྗང་། བསོད་ནམས་དཔལ་འཛོམས་དང་སུར་པན་དམར་སེར་སྔོ་ལྗང་སོགས་སྔོ་ཚོད་སྣ་ཚོགས་ཤིག་འདེབས་ཀྱི་ཡོད་པའི་ཐོན་སྐྱེད་སྐམ་སྟེ་ས་གནས་མི་མང་གི་དཔལ་འབྱོར་ཡོང་འབབ་ལ་གྱོང་གུད་འཕོག་གི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༢༠་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། གར་ཞྭ་དང་སྤི་ཏེ་ས་ཁུལ་གྱི་ཞིང་པ་ཚོ་སྔོ་ཚོད་འདེབས་ལས་ཀྱི་ཐོན་སྐྱེད་ལ་བརྟེན་ནས་འཚོ་བར་རོལ་གྱི་ཡོད་ཅིང་། ཉེ་བའི་ལོ་ཤས་ཤིག་ནས་གར་ཞྭ་དང་སྤི་ཏེ་སོགས་ཧི་མ་ལ་ཡའི་ལྗོངས་ཀྱི་ས་གནས་ཁག་གི་ཆུའི་ཐོན་ཁུངས་རྣམས་སྐམ་སྟེ་ཞིང་ཆུ་འདྲེན་གཏོང་དང་མི་མང་ལ་འཐུང་ཆུ་ཇེ་དཀོན། ལྷག་པར་དུ་ལོ་འདིར་ཆར་ཆུ་དུས་སུ་མ་བབས་པར་ཐན་པ་བྱུང་བའི་རྐྱེན་གྱིས་ས་གནས་མི་མང་ལ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཁ་བ་རིང་གྲོང་གསེབ་ཀྱི་ཧེ་རི་པ་རིག་འཛིན་ཞེས་པའི་ཞིང་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། ད་ལོ་ས་གནས་འདིའི་ཞིང་པ་ཚོར་འཐུང་ཆུ་དང་ཞིང་ཆུ་འདྲེན་གཏོང་བྱ་རྒྱུ་མེད་པར་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་ཡོད། ཆུའི་ཐོན་ཁུངས་མང་ཆེ་བ་སྐམ་ཚར་འདུག ཧི་མ་ཅལ་མངའ་སྡེའི་གཞུང་གིས་ཐན་པ་དང་འཐུང་ཆུ་མེད་པའི་དཀའ་ངལ་སེལ་ཐབས་བྱ་དགོས་ཀྱི་འདུག་ཅེས་བཀྲལ། རེ་གླིང་པ་མོ་ཧན་ལལ་ཞེས་པའི་ཞིང་པ་གཞན་ཞིག་གིས་ཐན་པ་བྱུང་ནས་ང་ཚོའི་སྔོ་ཚོད་ཀྱི་རིགས་རྣམས་སྐྱེ་ཐུབ་ཀྱི་མི་འདུག སྔོ་ཚོད་འཚོང་འགྲེམ་ནི་ས་གནས་མི་མང་གི་དཔལ་འབྱོར་ཡོང་འབབ་གཙོ་བོ་ཡིན། རྫོང་སྲིད་གཞུང་གིས་མི་མང་ལ་ཆུ་མེད་པའི་དཀའ་ངལ་སེལ་ཏེ་ཐོན་སྐྱེད་དེ་རྣམས་རྒྱུན་བསྐྱངས་ནས་གདབ་ཐུབ་པ་ཞིག་བྱ་དགོས། གྲོང་གསེབ་མང་དག་ཅིག་གི་ཞིང་པ་ཚོས་དངུལ་སྒོར་ཕོན་ཆེན་འགྲོ་གྲོན་བཏང་ནས་ཞིང་ཆུ་འདྲེན་གཏོང་གི་ཆུ་རྐ་འཛུགས་བྱེད་ཀྱི་འདུག ཆུ་རྐ་འཛུགས་སྐྲུན་ནི་ལས་སླ་པོ་ཞིག་མ་རེད། རྒྱང་ཐག་རིང་པོ་ནས་ཆུ་རྐ་འཛུགས་སྐྲུན་བྱེད་དགོས་ན་འགྲོ་གྲོན་ཧ་ཅང་ཆེན་པོ་རེད། མངའ་སྡེ་གཞུང་གིས་གར་ཞྭ་དང་སྤི་ཏེ་རྫོང་ཐན་སྐྱོན་ཕོག་ཡུལ་ལ་ངོས་འཛིན་བྱས་ནས་མི་མང་ལ་ངལ་སེལ་རོགས་སྐྱོར་སྤྲོད་དགོས་ཞེས་ནན་བརྗོད་བྱས་འདུག

སྟབས་ལེགས་པ་ཞིག་ལ་ཕྱི་ཟླ་༥་པའི་ཚེས་༢༤་ཉིན་གྱི་ཞོགས་པ་ནས་གར་ཞྭ་དང་སྤི་ཏེ། ཀུ་ལུ་མ་ན་ལི་ལུང་གཤོངས་ཡོངས་སུ་ཁ་བ་བབས་ནས་མ་ན་ལི་ནས་ལ་དྭགས་ཀྱི་རྒྱལ་ས་གླེ་བར་དུ་བསྐྱོད་པའི་གཞུང་ལམ་སྟེང་དུ་འགྲིམ་འགྲུལ་འགགས་ཏེ་རླངས་འཁོར་གྱི་འཚང་ཁ་ཆེ་རུ་སོང་ཡོད་པའི་གནས་ཚུལ་ཐོན། ཁ་སང་གི་ཁ་བའི་རྗེས་སུ་རྒྱ་ལམ་ཁག་ཅིག་སྒོ་བརྒྱབ་སྟེ་འགྲིམ་འགྲུལ་དང་སྐྱེལ་འདྲེན་ལ་བར་ཆད་བྱུང་ཡང་ཡུན་རིང་ཐན་པ་བྱུང་བའི་གར་ཞྭ་དང་སྤི་ཏིའི་ཞིང་པ་ཚོར་ཁ་ཆར་དེ་དགོས་ངེས་སུ་གྱུར། ཧི་མ་ཅལ་མངའ་སྡེའི་ས་གནས་ཁག་ཅིག་ལ་བདུན་ཕྲག་འདིའི་གཟའ་ཟླ་བ་ནས་ཆར་ཞོད་ཆེ་བ་དང་ཁ་བ་བབས། གར་ཞྭ་དང་སྤི་ཏེ་རྫོང་གི་རྫོང་དཔོན་གཞོན་པ་ཎི་ར་ཇ་ཀུ་མར་གྱིས་ང་ཚོའི་ས་གནས་འདིར་ཁ་བ་བབས་ནས་གཤམ་གཤིས་ཇེ་གྲང་དུ་ཕྱིན་སོང་ཞེས་བཤད། ཡིན་ནའང་ས་གནས་ཀྱི་ཞིང་པ་ཚོ་ཁ་བ་བབས་པར་དགའ་མོས་བྱུང་བ་དང་ཐན་པའི་དཀའ་ངལ་སེལ། ཁོ་ཚོས་ཁ་བ་དང་ཆར་ཆུ་དུས་སུ་བབས་ན་ཞིང་ལས་ཀྱི་ཐོན་སྐྱེད་རྣམས་ལོ་ལེགས་འབྱུང་གི་རེད། གཟའ་འཁོར་འདིའི་ཁ་བ་ནི་གནམ་རྒན་མས་དངོས་གྲུབ་སྩལ་བ་ཞིག་རེད་ཅེས་དགའ་བ་སྒོམ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཉེ་ཆར་ཕྱི་ཟླ་༤་པའི་ཚེས་༢༩་ཉིན་རྒྱ་གར་གྱི་གསར་ཁང་༩་པས་གནས་ཚུལ་སྤེལ་བ་ལྟར་ན། ཧི་མ་ལ་ཡའི་ལྗོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་སྲིད་པའི་གངས་རྒན་རྣམས་ཞུ་བཞིན་ཡོད་ཅིང་། ས་ཆ་མང་དག་ཅིག་བྱེ་ཐང་དུ་འགྱུར་གྱི་ཡོད་པ་དང་ཆུའི་ཐོན་ཁུངས་རྣམས་སྐམ། ཧི་མ་ལ་ཡའི་ལྗོངས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་ཀྱི་ཡོད་པའི་ཛ་དྲག་གི་གནས་སྟངས་གོ་རྟོགས་སྤེལ་ཐབས་སུ་ལ་དྭགས་ཀྱི་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་འགོ་ཁྲིད་པའི་རྐང་འཁོར་རུ་ཁག་ཅིག་ལ་དྭགས་ཀྱི་མཁར་གདོང་ལ་ནས་བཞུགས་ནས་རྡ་རམ་ས་ལའི་བར་དུ་སྐོར་སྐྱོད་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ། ༢༠༢༢་ལོའི་འཛམ་གླིང་གི་སའི་གོ་ལའི་ཉིན་མོར་བཞུགས་སྒར་རྡ་རམ་ས་ལའི་རྒྱལ་བའི་ཕོ་བྲང་དུ་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་༡༤་པ་ཆེན་མཆོག་གི་མཇལ་ཁ་ཐོབ། ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་ལ་དྭགས་ས་ཁུལ་དུ་དགུན་གྱི་དུས་སུ་རྒྱུག་ཆུ་རྣམས་འཁྱག་པའི་མཆོད་རྟེན་ལྟ་བུ་ཞིག་ཏུ་བསྒྱུར་ཏེ་དཔྱིད་ཀྱི་དུས་སུ་འཁྱག་པ་བཞུས་པའི་ཆུ་རྣམས་ཞིང་ཁ་དང་སྡོང་རའི་ནང་དུ་བཏང་སྟེ་ཁོར་ཡུག་སྲུང་སྐྱོབ་ལ་ལག་རྗེས་ཆེན་པོ་བཞག ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གངས་ཏེ་སེའི་གཟུགས་དབྱིབས་ཀྱི་འཁྱག་པའི་མཆོད་རྟེན་ཞིག་ཕུལ་ནས་མང་ཚོགས་ལ་གངས་ཅན་ལྗོངས་ཀྱི་འཁྱག་རོམ་རྣམས་དང་གངས་རི་རྣམས་གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཞུ་བཞིན་འདུག ང་ཚོས་ངེས་པར་དུ་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་ཀྱི་འདུག་ཅེས་གོ་རྟོགས་སྤེལ་ཡོད་པ་རེད།།

XS
SM
MD
LG