ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

པདྨ་མཁའ་འགྲོས་འབྲུག་ཡུལ་ལ་ཚོང་འབྲེལ་འཛུཊ་རྒྱུ་གཙིཊ་འཛིན།


༄༅།། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་རྒྱ་གར་དབུས་གཞུང་གིས་ཁྱིམ་མཚེས་རྒྱལ་ཁབ་ཁག་ཨང་དང་པོར་བརྩི་དགོས་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་པ་ལྟར་ཨ་རུ་ན་ཅལ་མངའ་སྡེ་གཞུང་གིས་འབྲུག་ཡུལ་ལ་ཚོང་འབྲེལ་ཡར་རྒྱས་གཏོང་རྒྱུའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གཏམ་བཤད་གནང་འདུག ཕྱི་ཟླ་༥་པའི་ཚེས་༢༤་ཉིན་རྒྱ་གར་གྱི་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ཨ་རུ་ན་ཅལ་མངའ་སྡེ་ནི་བོད་དང་འབྲུག་ཡུལ། འབར་མ་བཅས་ལ་ས་འདྲེས་ཡིན་པས་རྒྱལ་ཁབ་ཕྱི་ནང་གཉིས་སུ་ཚོང་ལས་ཡར་རྒྱས་གཏོང་ཐུབ་པའི་གོ་སྐབས་ཆེན་པོ་ཡོད། ༢༠༤༧་གྱི་མཚམས་སུ་ཨ་རུ་ན་ཅལ་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་འཛུགས་པའི་སྒོ་མོ་ལྟ་བུ་ཞིག་ཏུ་འགྱུར་ཐུབ་ཅེས་བསྟན།།

ཁོང་གིས་རྒྱ་གར་གྱི་ཚོང་དོན་ལྷན་ཁང་གིས་ཐེངས་གཉིས་ལ་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་ཞིང་ལས་ཐོན་སྐྱེད་དང་ཟས་རིགས་ཕྱིར་ཚོང་གི་དུས་སྟོན་ཚོགས་པ་རེད། ང་ཚོར་ཁྲོམ་ར་ཆེ་འབྲིང་ཆུང་གསུམ་ཡོད། ཁྲོམ་ར་ཆུང་བ་ནི་མངའ་སྡེའི་ནང་ཁུལ་ཡིན་པ་དང་རྒྱ་གར་གྱི་དམག་མི་ཕོན་ཆེན་ཞིག་ཨ་རུ་ན་ཅལ་མངའ་སྡེའི་ནང་དུ་འགྲེམ་འཇོག་བྱེད་ཡོད་པས་ས་གནས་མི་མང་ལ་རང་གི་ཐོན་སྐྱེད་བཙོང་ཡུལ་ཚོང་ལས་ཀྱི་ཁྲོམ་ར་ཆེན་པོ་ཡོད། ཁྲོམ་ར་འབྲིང་བ་ནི་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་ཁག་ཡིན། ཨ་རུ་ན་ཅལ་མངའ་སྡེའི་གཞུང་གིས་བྱང་ཤར་མངའ་སྡེ་ཁག་ལ་ཚོང་ལས་རྒྱ་བསྐྱེད་དང་དངོས་ཟོག་ཕྱིར་ཚོང་བྱ་དགོས། དེ་ནས་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཚོང་འབྲེལ་བཙུགས་ཏེ་ཁྲོམ་ར་གསར་འཚོལ་དང་ཁྲོམ་ར་སྒོ་འབྱེད་བྱ་རྒྱུ་གནད་འགག་ཆེ། ཨ་རུ་ན་ཅལ་མངའ་སྡེའི་སྲོལ་རྒྱུན་གྱི་ཞིང་ལས་ཐོན་སྐྱེད་རྣམས་ཁྱབ་སྤེལ་གཏོང་དགོས་པ་དང་ང་ཚོའི་ས་ཞིང་ནི་ཧ་ཅང་གི་གཤིན་པོ་ཡིན། ས་ཁྱོན་སྤྱི་ལེ་གྲུ་བཞི་མ་རེའི་ནང་དུ་མི་༡༢་ལས་འཚོ་གནས་བྱེད་མཁན་མེད་པས་ས་རྒྱ་ཆེན་པོ་ཡོད་ཅེས་བཤད།། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་མུ་མཐུད་དུ་བརྗོད་དོན་ལྟར་ན། མོན་ཡུལ་གྱི་རི་འདབས་ནས་གངས་རྩེའི་བར་དུ་ཞིང་ལས་དང་རྩི་ཤིང་གི་རིགས་རྣམས་སྐྱེ་ཐུབ་པའི་གནམ་གཤིས་དྲོད་གྲང་སྙོམས་པོ་ཡོད། ང་ཚོ་རྒྱ་གར་བྱང་ཤར་ཁུལ་གྱི་ས་རྒྱ་ཆེ་ཤོས་ཀྱི་མངའ་སྡེ་ཞིག་ཡིན་པས་ཚོང་ལས་ཀྱི་གོ་སྐབས་ཆེན་པོ་ཡོད། ཨ་རུ་ན་ཅལ་མངའ་སྡེའི་གཞུང་གིས་ཞིང་ལས་ཐོན་སྐྱེད་དང་ཚན་པ་གཞན་ཁག་ལ་ཤུགས་སྣོན་བརྒྱབ་སྟེ་མངའ་སྡེའི་མི་དམངས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་དགོས། ང་ཚོའི་ཤིང་འབྲས་ཀྱི་ཐོན་སྐྱེད་ཁག་ཅིག་ཕྱིར་ཚོང་བྱ་རྒྱུ་མགོ་བརྩམས་ཡོད། ཤིང་འབྲས་ཀྱི་ཞོར་དུ་ཨ་རུ་ན་ཅལ་མངའ་སྡེའི་རས་ཆ་དང་འཁེལ་འཐག་གི་ལག་ཤེས་ཐོན་སྐྱེད་རྣམས་ཀྱང་དྲིལ་བསྒྲགས་བྱས་ནས་ཁྱབ་གདལ་གཏོང་དགོས་ཞེས་ནན་བརྗོད་གནང་འདུག

རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོས་ང་ཚོས་འབྲས་ལྗོངས་ལ་མིག་དཔེ་བལྟས་ནས་ཉམས་མྱོང་གང་ལེགས་ཐོབ་སོང་། ཡུལ་སྐོར་སྤྲོ་འཆམ་དང་སྲོལ་རྒྱུན་གྱི་ཞིང་ལས། ཤེས་ཡོན་སློབ་གསོ་དང་འཕྲོད་བསྟེན་ལས་རིགས་བཅས་པ་འབྲས་ལྗོངས་ཀྱི་ཉམས་མྱོང་བླངས་ནས་ཕན་ཐོགས་ཆེན་པོ་བྱུང་ཞིང་། འབྲས་ལྗོངས་དང་ཨ་རུ་ན་ཅལ་གཉིས་ཀར་ཞིང་ལས་ཐོན་སྐྱེད་དང་རྩི་ཤིང་མེ་ཏོག ཆུ་ཤུགས་གློག་ཁང་དང་རྩེད་རིགས་སོགས་ཀྱི་ཁོར་ཡུག་བཟང་པོ་ཡོད་པས་ང་ཚོ་ཐུན་མོང་གི་འབད་བརྩོན་དང་ཉམས་མྱོང་སྤེལ་རེས། མཉམ་འབྲེལ་བྱེད་ན་མངའ་སྡེ་གཉིས་ཀའི་ལས་རིགས་ཁག་ཡར་རྒྱས་བཏང་སྟེ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ཅེས་བཤད་འདུག་པར་མ་ཟད། སྐུ་ཞབས་པདྨ་མཁའ་འགྲོས་ལ་དྭགས་ཀྱང་འབྲས་ལྗོངས་དང་ཨ་རུ་ན་ཅལ་གྱི་མཉམ་འབྲེལ་ཚོང་ལས་ཁོངས་སུ་མཉམ་ཞུགས་བྱེད་དགོས་ཞེས་འབོད་སྐུལ་ཞུས་འདུག

XS
SM
MD
LG