༄༅།། རྒྱ་གར་དང་པ་ཀི་སི་ཐན། བྷང་ག་ལ་དང་ཨབ་གྷ་ཎི་སི་ཐན་སོགས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་འཛམ་གླིང་གི་མི་འབོར་གྱི་བཞི་ཆའི་གཅིག་ཟིན། རྒྱ་ནག་དང་ལྷོ་ཀོ་རི་ཡ། ཨི་རན། ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་སོགས་ལ་བསྡུར་ཚེ། ད་སྔ་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་ལ་འཆི་སྐྱོན་དང་ནད་མནར་བྱུང་བའི་མིའི་གྲངས་འབོར་ཉུང་ཉུང་ཡིན། འོན་ཀྱང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་མེད་པ་དང་སྨན་བཅོས། འཕྲོད་བསྟེན་བཅས་ཀྱི་མཐུན་རྐྱེན་ཞན་པོའི་སྟབས་ཀྱིས་རྒྱལ་ཁབ་དེ་ཚོར་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་པོ་ཞིག་བྱུང་ན་བསམ་ཡུལ་ལས་འདས་པའི་ཆག་སྒོ་ཞིག་འབྱུང་ཉེན་ཡོད། རྒྱ་ནག་དང་ལྷོ་ཀོ་རི་ཡ་སོགས་ཀྱིས་ཏོག་དབྱིབས་རིམས་ནད་ལ་བཀག་སྡོམ་བྱས་པ་ལྟར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རིམས་ནད་དེ་འདྲ་ཞིག་ཁྱབ་གདལ་སོང་ན་གདོང་ལེན་འདྲ་མཚུངས་ཤིག་བྱ་ཐུབ་རྒྱུ་ཁག་པོ་རེད་ཅེས་ཉེན་བརྡ་བཏང་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་སྤྱི་དམངས་འཕྲོད་བསྟེན་ཉམས་ཞིབ་ཁང་གི་ནད་རིགས་ཞིབ་འཇུག་པ་གྷི་རི་དྷ་ར་བྷ་བྷུས་བཤད་པ་ལྟར་ན། རྒྱ་ནག་དང་ཨ་མི་རི་ཀ་སོགས་ཀྱིས་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམས་བཀག་པ་ཇི་བཞིན་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་འགོག་དཀའ། ལྷག་པར་དུ་ལྷོ་ཨེ་ཤི་ཡའི་འབྲེལ་ཡོད་རྒྱལ་ཁབ་ཁག་གི་གྲོང་མཐར་ཆགས་པའི་དབུལ་སྒར་ཁག་ཏུ་མི་ཚོགས་འདུ་འཛོམས་འགོག་རྒྱུ་ཡོང་ཐབས་མེད་པ་ཞིག་རེད། དབུལ་སྒར་ཁག་གི་གནས་ཡུལ་ཁག་ལ་མི་ཚོགས་ཆེ་བས་མི་ལ་རྒྱང་བཀྱེད་ནས་འཚོ་གནས་བྱ་དགོས་ཞེས་བཤད་རྒྱུ་ཁག་པོ་ཡིན། དབུལ་སྒར་ཁག་ཏུ་མི་རྣམས་གྲོག་ཚང་ལྟར་འཚང་ཁ་མ་བརྒྱབ་པར་འདུག་ཐབས་དབེན་ཞེས་བཤད།
ད་ལྟའི་བར་དུ་པ་ཀི་སི་ཐན་ལ་ཏོག་དབྱིབས་རིམས་ནད་ཁྱབ་ཡོད་པའི་གནས་ཚུལ་ཐོན་མེད་ཀྱང་གཟའ་ཟླ་བའི་ཉིན་རྒྱལ་ཁབ་དེར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༩༤་འདུག་ཅེས་ཞིང་ཆེན་ཁག་དང་དབུས་གཞུང་གིས་ཁྱབ་བསྒྲགས་བྱས་ཤིང་། ནད་པ་མང་ཆེ་བ་ནི་རྒྱལ་ཁབ་དེའི་ལྷོ་ཕྱོགས་སུ་ཆགས་པའི་སིན་དྷི་ཞིང་ཆེན་དུ་ཡོད་པ་དང་མི་ཁག་ཅིག་ཨི་རན་ལ་འགྲིམ་འགྲུལ་བྱས་ནས་ནད་དུག་འགོས། སིན་དྷི་ཞིང་ཆེན་གྱི་བློན་ཆེན་ས་དབྱི་ཐེ་གྷ་ཎི་ཞེས་པ་ཞིག་གིས་ཨི་རན་གྱི་མཐའ་མཚམས་སུ་ཆགས་པའི་བྷ་ལུ་ཆི་སི་ཐན་དུ་པ་ཀི་སི་ཐན་གཞུང་གིས་ཟུར་འགོག་ཁང་ཞིག་བརྒྱབ་ཡོད་པ་དེར་ནད་པ་ཤོང་གི་མི་འདུག མི་༡༠༠་ལྷག་ལ་བརྟག་དཔྱད་བྱས་ནས་མི་༥༠་ཡས་མས་རེ་ལ་ནད་རྟགས་འཐོན་གྱི་ཡོད་པ་ནི་ཧ་ཅང་གི་གྲངས་ཚད་མཐོན་པོ་ཞིག་རེད་ཅེས་བཤད།ཉམས་ཞིབ་པ་ཚོས་པ་ཀི་སི་ཐན་དང་རྒྱ་ནག་གཉིས་ལ་དཔལ་འབྱོར་དང་ཚོང་ལས། ཡུལ་སྐོར་སྤྲོ་འཆམ་དང་པ་ཀི་སི་ཐན་གྱི་སློབ་ཕྲུག་༡༠༠༠་ཡས་མས་ཤིག་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་དང་ཧུ་པེ་ཞིང་ཆེན་དུ་སློབ་སྦྱོང་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གི་ངལ་རྩོལ་བ་བརྒྱ་ཕྲག་མང་པོས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་དཔལ་འབྱོར་ཚོང་ལམ་འཛུགས་སྐྲུན་བྱེད་ཀྱི་ཡོད་པར་བརྟེན། པ་ཀི་སི་ཐན་རྒྱལ་ཡོངས་སུ་དབུས་གཞུང་དང་ཞིང་ཆེན་ཁག་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ཏོག་དབྱིབས་རིམས་ནད་འགོས་ཡོད་པའི་ནད་པ་མང་བ་ཡོད་ཤས་ཆེ། གཅིག་བྱས་ན་པ་ཀི་སི་ཐན་ནི་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་གྲས་སུ་ཏོག་དབྱིབས་རིམས་ནད་ཉེན་ཚབས་ཆེ་ཤོས་དེ་ཡིན་སྲིད་ཅེས་གླེང་།
ད་ལྟའི་བར་དུ་རྒྱ་གར་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༡༣་ཡོད་པ་སྟེ། མ་ཧ་ར་ཤི་ཊི་ར་མངའ་སྡེར་ནད་པ་༣༣་དང་ཀེ་ར་ལ་མངའ་སྡེར་ནད་པ་ཉི་ཤུ་རྩ་བཞི། དེའི་རྗེས་སུ་ཨུ་དྷར་པུར་དྷེ་ཤི་ལ་ནད་པ་༡༢་དང་ལྡི་ལིར་ནད་པ་བདུན། རྒྱ་གར་ལྷོ་ཕྱོགས་ཀྱི་ཀར་ན་ཊ་ཀ་མངའ་སྡེར་ནད་པ་༧་འདུག ཀར་ན་ཊ་ཀ་མངའ་སྡེར་བོད་པ་བཙན་བྱོལ་བའི་ལྷོ་ཕྱོགས་གཞིས་ཆགས་ཆེ་ཁག་རྣམས་དང་བྱེས་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ། བཀྲ་ཤིས་ལྷུན་པོ་དང་རྒྱུད་སྨད་གྲྭ་ཚང་། དཔལ་ཡུལ་རྣམ་གྲོལ་གླིང་དང་བོད་པ་བཙན་བྱོལ་བའི་སློབ་གྲྭ་ཁག་བཅས་ཆགས་ཡོད་པ་རེད། ཕྱི་ཟླ་༣་པའི་ཚེས་༡༨་ནས་རྒྱ་གར་གཞུང་གིས་ཡུ་རོབ་མཉམ་འབྲེལ་དང་ཡུ་རོབ་རང་དབང་ཚོང་ལས་ཁོངས་ཀྱི་རྒྱལ་ཁབ་ཁག ཏུར་ཀི་དང་དབྱིན་ཇི་སོགས་ནས་རྒྱ་གར་ལ་འགྲུལ་པ་ཡོང་མི་ཆོག ཕྱི་ཟླ་༤་པའི་ཚེས་ཤར་བར་དུ་རྒྱ་གར་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོར་ཐོངས་མཆན་སྤྲོད་རྒྱུ་མིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཕྲན་དང་ཁ་ཊར། ཨོ་མན་དང་ཁུ་ཝེ་ཐེ་བཅས་བརྒྱུད་ནས་རྒྱ་གར་ལ་འབྱོར་བ་རྣམས་ཉི་མ་༡༤་རིང་ལོགས་སུ་ཟུར་འགོག་བྱ་རྒྱུ་ཡིན་ཞེས་བསྒྲགས། རྒྱ་གར་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་པའི་ནད་པ་ཆེས་གསར་ཤོས་དེ་ཨུ་རི་ས་མངའ་སྡེར་བྱུང་ཡོད་པས་ཨོ་རི་ས་དང་ལྡི་ལི། འཇའ་མུ་དང་ཀ་ཤི་མིར། ཨུ་དྷར་པུར་དྷེ་ཤི་བཅོས་ཀྱིས་རང་གི་མངའ་ཁོངས་ཀྱི་སློབ་ཆེན་ཁག་དང་སློབ་ཆུང་རྣམས་སྒོ་བརྒྱབ་ནས་རིམས་ནད་སྔོན་འགོག་བྱེད་འགོ་ཚུགས།
ཨབ་གྷི་ཌི་སི་ཐན་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་དུག་འགོས་པའི་མི་༢༡་ཡོད་པའི་མང་ཆེ་བ་ནི་ཨི་རན་གྱི་ས་མཚམས་སུ་ཆགས་པའི་ཧི་ར་ཐེ་ཞིང་ཆེན་དུ་ཡོད་པར་བརྟེན། ཧི་ར་ཐེ་ཞིང་ཆེན་ནས་ཨབ་གྷ་ཎི་སི་ཐན་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་ཁྱབ་སྲིད་པའི་ཉེན་ཁ་ཆེ། དེའི་རྒྱུ་མཚན་ནི་ཉིན་ལྟར་ཨབ་ཧན་སྟོང་ཕྲག་མང་པོ་ས་མཚམས་བརྒལ་ཏེ་ཨི་རན་ལ་ལས་ཀ་འཚོལ་དུ་འགྲོ་བཞིན་ཡོད་པས་ངལ་རྩོལ་བ་རྣམས་རང་ཁྱིམ་དུ་ཕྱིར་ལོག་བྱས་ནས་བཟའ་མི་རྣམས་དང་ཁྱིམ་མཚེས་སོགས་ལ་རིམས་ནད་བགོ་ཡི་ཡོད་ཅིང་། ཧི་ར་ཐེ་ཞིང་ཆེན་གྱི་སྤྱི་ཁྱབ་ཁ་ཡོ་མཱིས་དབུས་གཞུང་གིས་གནད་དོན་འདི་གཟབ་ནན་གྱིས་ཐག་གཅོད་བྱ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། ང་ཚོའི་མི་མང་ལ་བཟའ་བཅའ་དང་སྨན་སོགས་གཞི་རྩའི་དགོས་མཁོ་རྣམས་དབུས་གཞུང་གིས་རོགས་རམ་སྤྲོད་དགོས་ཞེས་བཤད་ཡོད་པའི་གནས་ཚུལ་ཐོན། ཨབ་གྷ་ཎི་སི་ཐན་ལ་ལོ་མང་རིང་ནང་འཁྲུག་ལངས་ནས་རྨང་གཞིའི་མཐུན་རྐྱེན་ལ་གཏོར་བཤིག་ཐེབས་པ་དང་བསྐྱར་དུ་འཛུགས་སྐྲུན་གྱི་འགྲོ་གྲོན་མེད་པ། དབུས་སྲིད་གཞུང་གིས་ཀྱང་ཨབ་གྷ་ཎི་སི་ཐན་རྒྱལ་ཡོངས་ལ་དབང་སྒྱུར་ནན་པོ་ཞིག་བྱེད་ཐུབ་ཀྱི་མེད་པ་བཅས་ཀྱིས་ཏོག་དབྱིབས་རིམས་ནད་ལ་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱེད་དཀའ། རྒྱལ་ས་ཀ་བྷུལ་གྱི་འབྲུ་རིགས་སྡེབ་ཚོང་པ་ཞིག་གིས་ཟས་སོང་གི་རིན་གོང་འཕར་གྱི་ཡོད་པ་འདི་འདྲ་ཞིག་སྔོན་ཆད་བྱུང་མྱོང་མེད། གལ་སྲིད་མི་མང་རྣམས་རིམས་ནད་ལ་སྐྲག་ནས་འབྲུ་རིགས་སྡེབ་གསོག་བྱ་རྒྱུ་རྒྱུན་མཐུད་ན་ཉིན་ཤས་རྗེས་སུ་ཁྲོམ་ལ་འབྲུ་རིགས་བཙོང་རྒྱུ་མེད་པར་འགྱུར་རྒྱུ་རེད་ཅེས་བཤད།
སིངྒ་ལར་ཏོག་དབྱིབས་རིམས་ནད་ཀྱི་ནད་པ་༡༨་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་མལ་དྷིབ་ལ་ནད་པ་བཅུ་གསུམ། བྷང་ག་ལར་ནད་པ་༨་དང་འབྲུག་ཡུལ་དུ་ཨ་རིའི་ཡུལ་སྐོར་སྤྲོ་འཆམ་པ་ཞིག བལ་ཡུལ་དུ་ཏོག་དབྱིབས་རིམས་ནད་འགོས་པའི་ནད་པ་གཅིག་དང་ནད་དུག་འགོས་ཡོད་པར་དོགས་པ་ཡོད་པའི་མི་༤་འདུག བལ་ཡུལ་གཞུང་གིས་ཟླ་བ་འདིའི་ཚེས་༡༤་ནས་ཕྱི་ཟླ་༤་པའི་ཚེས་མགོ་བར་དུ་འཛམ་གླིང་ཡུལ་གྲུ་ཁག་ནས་ཇོ་མོ་གླང་མར་འཛེག་ཏུ་སླེབས་པ་ཚོར་ཐོངས་སྤྲོད་རྒྱུ་མིན་ཞེས་བསྒྲགས། ལོ་ལྟར་འཛམ་གླིང་ཡུལ་གྲུ་གང་ས་ནས་བལ་ཡུལ་ཕྱོགས་སུ་ཇོ་མོ་གླང་མའི་རི་འཛེག་པ་བརྒྱ་ཕྲག་འགའ་རེ་ཡོང་གི་ཡོད་ཅིང་། རྒྱ་གར་གྱི་སྲིད་བློན་མོ་དྷིས་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོར་རིམས་ནད་སྔོན་འགོག་ཆེད་དུ་རྒྱ་གར་གྱིས་སྨན་པའི་རུ་ཁག་དང་འཕྲོད་བསྟེན་ལས་སྣེ་ཉམས་མྱོང་ཅན། མཐུན་རྐྱེན་སོགས་མཁོ་སྦྱོར་བྱེད་ཆོག་ཅེས་བརྙན་ལམ་བརྒྱུད་ནས་ཁས་བླངས་འདུག