ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༣/༡༢/༡༢

སྲིད་སྐྱོང་བློ་བཟང་སེངྒེ་སྦེལ་ཀོབ་གཞིས་སུ་ཕེབས་པ། 


༄༅།། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེའི་བཀའ་ཤག་གི་ལས་ཡུན་འཁྱུར་ལ་ཉེ་བ་དང་བསྟུན་ཏེ་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་ཕེབས་ནས་མང་ཚོགས་ལ་ཐོན་ཕྱག་དང་ཐུགས་རྗེ་ཆེ་ཞེས་གསུང་བཤད་གནང་བཞིན་ཡོད་ཅིང་། ཟླ་བ་འདིའི་ཕྱི་ཚེས་༥་དང་༦་གཉིས་ལ་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་འཚམས་འདྲི་གཟིགས་སྐོར་དང་གསུང་བཤད་བཅས་ཀྱི་ལས་རིམ་བསྒྲིགས། དེ་རིང་ཕྱི་ཚེས་༦་ཉིན་སྦེལ་ཀོབ་གཞིས་སྤྱིའི་རྒྱལ་བའི་ཕོ་བྲང་དུ་གཞིས་ཆགས་གཉིས་ཀྱི་སེར་སྐྱ་མང་ཚོགས་༥༠༠་ཙམ་ལ་གསུང་བཤད་གནང་། ཁོང་གིས་ལོ་བཅུའི་རིང་གི་སྲིད་སྐྱོང་གི་ལས་ཡུན་དུས་སུ་རྒྱ་གར་དང་ཨི་རི་སོགས་རྒྱལ་ཁབ་ཁག་གིས་བོད་པའི་ཆབ་སྲིད་དང་དཔལ་འབྱོར་སོགས་གང་ཅིའི་ཐད་དུ་སྔར་ལས་ལྷག་པའི་རྒྱབ་སྐྱོར་ཐོབ་ཡོད། འདས་པའི་ལོ་བཅུའི་རིང་ལ་བོད་མིའི་སྒྲིག་འཛུགས་ཀྱི་མ་དངུལ་དེ་ཨ་སྒོར་ས་ཡ་གཉིས་དང་འབུམ་དྲུག་ལ་འཕར་ཏེ་དཔལ་འབྱོར་གྱི་རྨང་གཞི་སྲ་བརྟན་ཚུགས་ཡོད་པས་མ་འོངས་པའི་སྲིད་སྐྱོང་སུ་ཞིག་ཕེབས་ཀྱང་དཔལ་འབྱོར་གྱི་དཀའ་ངལ་ཆེན་པོ་མེད། གཙོ་བོ་བོད་ཀྱི་ཆབ་སྲིད་ལས་དོན་ཐོག་ཏུ་དུས་ཚོད་མང་བ་གཏང་ཐུབ་པ་ཞིག་བཟོས་ཡོད། ཨ་རི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་སྲིད་སྐྱོང་ལ་གཞུང་འབྲེལ་གྱིས་ངོས་ལེན་གནང་བ་ནི་རྒྱ་ནག་གཞུང་ལ་བརྡ་ལན་ནན་པོ་ཞིག་འཕྲོད་པ་རེད་ཅེས་གསུངས་སོང་།།

མང་ཚོགས་ཀྱི་དྲི་བ་དྲིས་ལན་དུས་སུ་ཉེ་ཆར་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་པ་གཞན་གཉིས་འཕོ་འགྱུར་བཏང་བར་བཀའ་ཤག་གིས་བར་དུམ་བཀའ་མོལ་གསུངས་ཡོད་མེད་དྲིས། སྲིད་སྐྱོང་གིས་དེ་སྔོན་བཀའ་ཤག་གིས་མིང་འདོན་བྱས་པའི་བཀའ་བློན་འོས་མི་ཞིག་ལ་གྲོས་ཚོགས་ཀྱི་རྒྱབ་སྐྱོར་ཚད་ལོན་རུང་ཁྲིམས་ཞིབ་ཁང་གིས་ངོས་བཞེས་མ་གནང་བའི་སྐབས་དེར་བཀག་ཤག་གིས་ཁྲིམས་ཞིབ་ཁང་ལ་གུ་བཤངས་ཡོང་བའི་བཀའ་མོལ་ཞུས་ཀྱང་གྲུབ་འབྲས་མ་ཐོན་པའི་ཉམས་མྱོང་ལ་གཞིགས་ནས་བཀའ་ཤག་གིས་བཀའ་མོལ་གང་ཡང་ཞུས་མེད། དམངས་གཙོའི་ཀ་བ་གསུམ་ཕན་ཚུན་གུ་བཤངས་དང་བསྟུན་མཁས། ཁོག་རྒྱ་ཡངས་པོས་ཕྱག་ལས་མ་གནང་ན་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་རྒྱུ་རེད། བོད་པའི་ནང་ཁུལ་དུ་ཆིག་སྒྲིལ་དགོས་པ་དང་དྲྭ་རྒྱའི་ནང་གི་དཀྲོག་གཏམ་ལ་མགོ་བོ་འཁོར་མི་རུང་བ་སོགས་ཀྱི་འབོད་སྐུལ་ཞུས་པར་མ་ཟད། དེ་རིང་གི་གསུང་བཤད་འགོ་འཛུགས་མ་ཞུས་པའི་སྔོན་ལྷོ་སྤྱི་ཐུབ་བསྟན་ཚེ་རིང་གིས་སྦེལ་ཀོབ་གཞིས་ཆགས་མང་ཚོགས་ཀྱི་ཚབ་ཞུས་ནས་སྲིད་སྐྱོང་ལ་ཐུགས་རྗེ་ཆེ་ཞུ་བའི་མཚོན་བྱེད་དུ་སྟོན་པའི་སྐུ་བརྙན་ཞིག་ཕུལ་སོང་།།

ཁ་སང་ཕྱི་དྲོར་སྲིད་སྐྱོང་གིས་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་མདུན་ཐང་དུ་དགེ་འདུན་ཞལ་གྲངས་༥༠༠་ཙམ་ལ་གསུང་བཤད་གནང་ཞིང་། དེ་བཞིན་སྦེལ་ཀོབ་གཞིས་ཆགས་ཁུལ་གྱི་རིས་མེད་དགོན་སྡེ་ཁག་ལ་གནས་གཟིགས་དང་འཚོ་བྱེད་སྨན་ཁང་། རྒན་གསོ་ཁང་ལ་གཟིགས་ཞིབ་དང་སློབ་ཕྲུག་ལ་མཇལ་འཕྲད། དེ་རིང་ཕྱི་དྲོར་སྔ་འགྱུར་རྙིང་མའི་མ་དགོན་ཐེག་མཆོག་རྣམ་གྲོལ་བཤད་གྲུབ་དར་རྒྱས་གླིང་དུ་དགེ་འདུན་པ་ཚོར་མཇལ་འཕྲད་དང་གསུང་བཤད་གནང་འདུག ཟླ་བ་འདིའི་ཕྱི་ཚེས་༣་ཉིན་སྲིད་སྐྱོང་བློ་བཟང་སེངྒེ་ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་འཚམས་གཟིགས་སུ་ཕེབས་ཏེ་གཞིས་ཆགས་སྤྱིའི་རྒྱལ་བའི་བཀའ་དྲིན་རྗེས་དྲན་གྱི་མཛད་སྒོར་དབུ་བཞུགས། ཕྱི་ཚེས་༤་ཉིན་ཧུན་སུར་རབ་རྒྱས་གླིང་དུ་འཚམས་གཟིགས་དང་གསུང་བཤད། ཕྱི་ཚེས་༧་ཉིན་ནས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འཚམས་འདྲི་གཟིགས་སྐོར་དང་གསུང་བཤད་ཀྱི་ལས་རིམ་ཁག་བཀོད་སྒྲིག་བྱས་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG