ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ཀྱི་ལས་འགུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ཀྱིས་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་བོད་ནི་བཙན་བཟུང་འོག་ཏུ་ཚུད་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་དགོས། རྒྱ་གར་མི་དམངས་ཀྱིས་རྒྱ་ནག་གིས་བཟོས་པའི་ཅ་དངོས་རྣམས་ཉོ་ཚོང་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་པ་བཅས་དགོས་འདུན་དོན་ཚན་གསུམ་བཏོན་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་གྲོང་ཁྱེར་དུ་རྒྱ་གར་མང་ཚོགས་ལ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་དང་བོད་དོན་གྱི་གོ་རྟོགས་མཐོ་རུ་གཏོང་བའི་ལས་འགུལ་སྤེལ་ནས་ཟླ་བ་གཅིག་མ་ཟིན་ཙམ་ཞིག་ཕྱིན་ཡོད་ཅིང་། ཁོང་གིས་བྷེང་ལོར་གྲོང་ཁྱེར་གྱི་མེ་འཁོར་འབབ་ཚུགས་དང་ཚོང་ཁང་ཆེ་ཁག་ཡོད་ས། མཐོ་སློབ་ཁག་བཅས་མི་ཚོགས་འདུ་འཛོམ་ཆེ་བའི་ས་ཚིགས་ཁག་ཏུ་བོད་དོན་དྲིལ་བསྒྲགས་ཡིག་ཆ་དང་རྒྱ་གར་གྱི་བདེ་འཇགས་ཆེད་དུ་བོད་ལ་སྲུང་སྐྱོབ་བྱ་དགོས། རྒྱ་ནག་གིས་བཟོས་པའི་ཅ་དངོས་རྣམས་ཉོ་ཚོང་མཚམས་འཇོག་བྱ་དགོས་ཞེས་འཁོད་པའི་ཁ་རས་༡༣༠༠་འགྲེམ་སྤེལ་བྱས་འདུག

བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ཀྱིས་ཡིག་ཆ་འགྲེམ་སྤེལ་གྱི་ལས་འགུལ་དེ་གཞན་ལ་བརྟེན་དགོས་པས་སྔོན་གྱི་གོམ་བགྲོད་ལས་འགུལ་ལས་དཀའ་ངལ་ཆེ་བ་འཕྲད་འདུག་ཅེས་བསྟན། ཁོང་གིས་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་དང་གནད་ཡོད་མི་སྣ་མང་པོ་ཞིག་ལ་ཐུག་འཕྲད་ཀྱིས་བོད་དོན་འགྲེལ་བཤད་ཀྱི་གོ་སྐབས་བྱུང་སྟེ་ལས་འགུལ་དེ་བསམ་པ་ལྟར་ཡག་པོ་ཞིག་འཁྱོངས་ཀྱི་འདུག ད་ལྟ་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་བོད་དོན་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམ་སྤེལ་ལས་འགུལ་འདི་སྤེལ་དགོས་དོན་ནི་དེ་སྔོན་གོམ་བགྲོད་སྐབས་སུ་ཡིག་ཆ་འགྲེམ་སྤེལ་འདོད་བློ་ཁེངས་པ་ཞིག་མ་བྱུང་བའི་སྟབས་ཀྱིས་བྷེང་ལོར་གྲོང་ཁྱེར་དུ་གནས་འཁོད་ཧི་མ་ལ་ཡ་མགྲོན་ཁང་གི་བདག་པོ་བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་འགན་འཛིན་ཟུར་པ་བཀྲ་ཤིས་དབང་འདུས་ཀྱིས་རྒྱབ་སྐྱོར་དང་མཐུན་འགྱུར་རོགས་རམ་གནང་བ་ལྟར་ལས་འགུལ་འདི་སྤེལ་བཞིན་ཡོད། གལ་ཏེ་ཁོང་གིས་རོགས་རམ་གནང་མེད་ན་ལས་འགུལ་དེ་སྤེལ་ཐུབ་རྒྱུ་ཁག་པོ་རེད་ཅེས་འགྲེལ་བརྗོད་གནང་སོང་།།

བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ཀྱི་འཆར་གཞི་ལྟར་ན། རྒྱ་གར་ལྷོ་ཕྱོགས་ཀྱི་བྷེང་ལོར་དང་མུམ་བྷེ། མེང་ལོར་དང་ལྡི་ལི་བཅས་གྲོང་ཁྱེར་ཆེ་ཁག་བཞིའི་ནང་དུ་དུས་ཡུན་ཉིན་གྲངས་༩༤་ལ་ལས་འགུལ་སྤེལ་འཆར་ཡོད་མོད། འོན་ཀྱང་དེང་སྐབས་རྒྱ་གར་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་ཡོད་པས་མུམ་བྷེའི་ཁུལ་དུ་ལས་འགུལ་སྤེལ་རྒྱུ་ཁག་པོ་ཞིག་ཏུ་གྱུར་སོང་ཞེས་བཤད། བསྟན་འཛིན་དོན་གྲུབ་དང་བསྟན་འཛིན་ཉི་མ་རྣམ་གཉིས་ཀྱི་སྔ་ལོ་༢༠༢༠་ལོའི་ཕྱི་ཟླ་༡༡་ཚེས་༢་ཉིན་བཞུགས་སྒར་རྡ་རམ་ས་ལ་ནས་འབྲས་ལྗོངས་ཀྱི་ཧིན་བོད་ས་མཚམས་སྣ་ཐོས་ལའི་བར་དུ་དུས་ཡུན་ཟླ་བ་༣་ལ་རྒྱ་ཐག་སྤྱི་ལེ་༢༡༠༠་ལྷག་གི་རིང་དུ་བོད་དོན་ཞི་བའི་གོམ་བགྲོད་གྱི་ལས་འགུལ་སྤེལ་ཡོད་པ་རེད།།

XS
SM
MD
LG