ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་ནག་གིས་བོད་དང་རྒྱ་གར་གྱི་ས་མཚམས་སུ་གྲོང་སྡེ་གསར་འཛུགས་བྱེད་བཞིན་པ།


རྒྱ་ནག་གིས་བོད་དང་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་རྒྱུད་ཀྱི་ས་མཚམས་སུ་གྲོང་སྡེ་གསར་འཛུགས་བྱེད་བཞིན་པ་ནི་མངའ་ཁོངས་བདག་དབང་རྒྱ་བསྐྱེད་བྱ་རྒྱུའི་འཆར་གཞི་ཞིག་ཡིན་པར་དོགས་ནས་རྒྱ་གར་གྱིས་དོ་སྣང་ཆེན་པོ་བྱེད་བཞིན་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་འཛུགས་སྐྲུན་སྣ་ཚོགས་བྱས་ནས་མངའ་ཁོངས་རྒྱ་བསྐྱེད་ཐབས་བྱེད་བཞིན་པའི་ཐབས་ཇུས་དེ་ད་ལྟ་བོད་དང་རྒྱ་གར་གྱི་ས་མཚམས་སུ་བེད་སྤྱོད་གཏོང་བཞིན་འདུག་ཅེས་དཔྱད་བརྗོད་པ་དག་གིས་དབྱེ་ཞིབ་བྱས་འདུག

རྒྱ་གར་གྱི་ལྡི་ལི་གསར་བའི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་སློབ་དཔོན་བ་རཧ་མ་ཆེ་ལ་ནི་ཡིས། ཧི་མ་ལ་ཡའི་རྒྱུད་ཀྱི་ས་མཚམས་སུ་གྲོང་སྡེ་གསར་འཛུགས་བྱེད་བཞིན་པ་ནི་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ཁུལ་དུ་མིས་བཟོས་གླིང་ཕྲན་གསར་འཛུགས་ཀྱིས་མངའ་ཁོངས་རྒྱ་བསྐྱེད་བཞིན་པའི་གནས་སྟངས་དང་གཅིག་པ་རེད་ལ། ལྷོ་རྒྱ་ནག་རྒྱ་མཚོར་རྒྱ་ནག་གིས་མེ་མདའ་རྐང་གཅིག་ཀྱང་འཕེན་མ་དགོས་པར་ཡུལ་བབས་དང་ཆབ་སྲིད་ཀྱི་ངོས་ནས་ས་ཁྲ་ལ་འགྱུར་བཅོས་བཏང་ཡོད་པ་ང་ཚོས་བརྗེད་ཐབས་མེད་ཅེས་དང་། རྒྱ་ནག་གཞུང་གིས་ཐད་ཀར་དམག་ཤུགས་ཆེན་པོ་མ་བཀོལ་བར་ངེས་མེད་ཀྱི་རྒོལ་རྡུང་བྱེད་པའམ། གཡོ་ཇུས་ལྡན་པའི་དྲིལ་སྒྲོག་སྤེལ་རྒྱུ་སོགས་ཐབས་ལམ་སྣ་ཚོགས་བཀོལ་ནས་སོ་སོའི་མངའ་ཁོངས་རྒྱ་བསྐྱེད་ཐབས་བྱེད་བཞིན་པ་དང་། ཐབས་ཇུས་དེ་དག་ལྷོ་རྒྱ་ནག་རྒྱ་མཚོའི་རྒྱུད་དུ་ལམ་ལྷོང་བྱུང་བའི་རྒྱུ་མཚན་ལ་བརྟེན་ནས་ད་ལྟ་ཧི་མ་ལ་ཡའི་རྒྱུད་ཀྱི་ས་མཚམས་སུ་བེད་སྤྱོད་གཏོང་གི་ཡོད་པ་རེད་ཅེས་བཤད་འདུག

རྒྱ་ནག་གཞུང་གིས་འཛུགས་སྐྲུན་བྱེད་བཞིན་པའི་གྲོང་སྡེ་དེ་དག་ནི་ཚོར་སྣང་སྐྱེན་པོ་དང་རྩོད་གཞི་ཡོད་པའི་ས་མཚམས་ཡིན་པར་བརྟེན་རྒྱ་གར་ལ་དམིགས་བསལ་བློ་འཚབ་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ལ། རྒྱ་ནག་གིས་ཨ་རུ་ན་ཅལ་མངའ་སྡེ་དེ་བོད་ལྷོ་ཕྱོགས་ཀྱི་ས་ཁོངས་སུ་བརྩིས་ཏེ་བདག་དབང་རྒྱ་ནག་ལ་ཡོད་ལུགས་རྩོད་ཀྱི་ཡོད་པ་དང་། ཡང་རྒྱ་གར་གྱིས་བྱང་ཤར་གྱི་མངའ་སྡེ་ནི་རྒྱ་གར་གྱི་མངའ་ཁོངས་བསྙོན་མེད་ཡིན་ཅེས་བརྗོད་ཀྱི་ཡོད།

སྤྱི་ཟླ་དང་པོར་རྒྱ་གར་གྱི་གསར་འགྱུར་རྒྱུད་ལམ་ NDTV ཡིས་འཁོར་སྐར་ཐོག་བརྒྱབ་པའི་པར་གཞིར་བཟུང་ས་མཚམས་སུ་གསར་འཛུགས་བྱས་པའི་གྲོང་སྡེ་མཐོང་རྒྱུ་ཡོད་པའི་གནས་ཚུལ་སྤེལ་ཡོད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་གྲོང་སྡེ་གསར་འཛུགས་ཀྱི་སྐོར་འགྲེལ་བཤད་བྱས་པ་ལྟར་ན། དེ་ནི་སོ་སོ་རྒྱ་ནག་གི་ས་ཁོངས་ལ་རྒྱུན་ལྡན་གྱི་ཨར་ལས་འཛུགས་བསྐྲུན་བྱས་པ་ཞིག་ཡིན་པས་བདག་དབང་གི་ཐད་ནས་གཞན་གྱིས་སྐྱོན་འཛུགས་ཁག་དཀྲི་བྱེད་ས་མེད་ཅེས་བརྗོད་ཡོད་དེ།

ཁྱིམ་ཚང་བརྒྱ་ཙམ་ཡོད་པའི་གྲོང་སྡེ་དེ་ནི་འཁོར་སྐར་གྱིས་པར་བརྒྱབ་ཡོད་པའི་གནས་ཚུལ་གཞིར་བཟུང་ན། ༢༠༢༠ ལོར་རྒྱ་གར་དང་རྒྱ་ནག་གཉིས་ཀྱི་དམག་མིའི་བར་ཧི་མ་ལ་ཡའི་ནུབ་ལ་དྭགས་རྒྱུད་ཀྱི་ས་མཚམས་སུ་ཕན་ཚུན་བར་འགལ་ཟླ་བྱུང་སྐབས་གསར་འཛུགས་བྱས་པ་ཞིག་ཡིན་པའི་ངོས་འཛིན་བྱས་འདུག ས་མཚམས་སུ་གྲོང་སྡེ་གསར་འཛུགས་བྱེད་བཞིན་པ་དེ་ནི་རྒྱ་ནག་གཞུང་གིས་བོད་དང་རྒྱ་གར་གྱི་ས་མཚམས་རྒྱུད་དུ་གཞིས་ཆགས་གྲོང་སྡེ་བརྒྱ་ཕྲག་མང་པོ་འཛུགས་རྒྱུའི་ལས་གཞིའི་གྲས་རེད་ཅེས་ཀྱང་གནད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་ངོས་འཛིན་བྱས་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་ནི་མཐའ་མཚམས་ཀྱི་མི་དམངས་རྣམས་དབུལ་ཕོངས་ལས་ཐར་དུ་འཇུག་རྒྱུ་དང་།མཐའ་མཚམས་སྲུང་སྐྱོབ་བྱེད་རྒྱུའི་ལས་དོན་སོགས་དང་འབྲེལ་བ་ཡོད་ཅེས་བཤད་འདུག

བོད་དང་རྒྱ་དཀར་ནག་བཅས་ཀྱི་འབྲེལ་ལམ་སྐོར་ལ་ཉམས་ཞིབ་གནང་མཁན་ཁ་ལོ་ཌི་ཨར་པི་ཡིས། རྒྱ་ནག་གིས་མི་མེད་ལུང་སྟོང་གི་ས་ཆ་ཞིག་ལ་བོད་མིའམ་ཡང་ན་རྒྱ་ནག་སྐམ་ས་ནས་རྒྱ་མི་ཁྲིད་ཡོང་ནས་གཞིས་ཆགས་ཏུ་འཇུག་བཞིན་པ་ཡིས་ས་ཆའི་གནས་བབ་ལ་འགྱུར་བ་གཏོང་བཞིན་པ་ཞིག་དང་། རྩོད་པ་ཡོད་སའི་ས་ཆའི་མི་འབོར་ལ་འགྱུར་བ་གཏོང་རྒྱུའི་དམིགས་ཡུལ་རེད། ཁོང་ཚོས་རྨང་གཞིའི་འཛུགས་བསྐྲུན་བྱས་པ་དང་མཉམ་དུ་ལམ་ཁ་འཛུགས་སྐྲུན་དང་། གློག་འཐེན་པ་སོགས་བྱས་ནས་ས་གནས་མི་དམངས་དང་དམག་དོན་གཉིས་ཀའི་དགོས་མཁོ་སྐོང་ཐབས་བྱེད་ཀྱི་འདུག རྒྱ་གར་ལ་མཚོན་ན་དེ་ནི་གདོང་ལེན་བྱེད་ཐབས་མེད་པའི་དཀའ་ངལ་ཆེན་པོ་ཞིག་ཏུ་གྱུར་ཡོད་ཅེས་དང་། རྒྱ་ནག་གིས་དཔལ་འབྱོར་གནས་སྟངས་སྐྱོ་བའི་རི་རྒྱུད་དུ་འཛུགས་སྐྲུན་བྱེད་བཞིན་པ་ཡིས་དམིགས་ཡུལ་དང་ཐབས་ཇུས་རྒྱ་ཆེན་པོ་ཞིག་འཐེན་གྱི་ཡོད་པ་མཚོན་ཐུབ་ཅེས་ཀྱང་དབྱེ་ཞིབ་བྱས་འདུག འཁོར་སྐར་གྱིས་པར་བརྒྱབ་ཡོད་པ་ལྟར་ན་ན་ནིང་རྒྱ་ནག་གིས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་ས་མཚམས་སུ་གྲོང་སྡེ་གསར་པ་འཛུགས་སྐྲུན་བྱས་ཡོད་པ་དང་། གནད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་གྲོང་སྡེ་འཛུགས་ཡུལ་དེ་ནི་འབྲུག་གི་མངའ་ཁོངས་རེད་ཅེས་བཤད་ཡོད་མོད། འོན་ཀྱང་འབྲུག་དང་རྒྱ་ནག་གཉིས་ཀས་དེར་ལྟར་ཡིན་པ་ངོས་ལེན་བྱས་མེད་པ་རེད།

གནད་དོན་དབྱེ་ཞིབ་པས་རྒྱ་ནག་གིས་གྲོང་སྡེ་མང་པོ་གསར་འཛུགས་བྱེད་བཞིན་པ་དང་མཉམ་དུ་དམག་དོན་དང་འབྲེལ་བའི་མཐུན་རྐྱེན་ཇེ་ལེགས་སུ་གཏོང་བཞིན་པའི་དམིགས་ཡུལ་ནི་རྒྱ་གར་དང་། འབྲུག་ཡུལ། བལ་ཡུལ་བཅས་གསུམ་གྱི་ནང་མངའ་ཁོངས་རྒྱ་བསྐྱེད་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་དང་། དེ་ནི་དམག་གི་བཙན་འཛུལ་མ་ཡིན་པར་བརྟེན་གདོང་ལེན་བྱེད་ཁག་པོ་ཆགས་ཡོད། ཁོང་ཚོས་གྲོང་སྡེའི་མི་དང་། ནོར་རྫི་ལུག་རྫི་སོགས་མདུན་ལ་བཏང་ཞིང་།རྒྱབ་ཏུ་དམག་དཔུང་གྲ་སྒྲིག་བྱས་ཡོད་ཅེས་ཀྱང་བཤད་འདུག དེ་སྔོན་རྒྱ་གར་གཞུང་གིས་བྱང་ཤར་ཨ་རུ་ན་ཅལ་ས་མཚམས་རྒྱུད་ལ་གྲོང་སྡེ་གསར་བ་འཛུགས་སྐྲུན་བྱེད་བཞིན་པའི་ཐད་དམིགས་བསལ་གླེང་སློང་བྱས་མེད་མོད། ཡིན་ནའང་བདུན་ཕྲག་སྔོན་མའི་ནང་རྒྱ་གར་གྲོས་ཚོགས་ནང་ཕྱི་སྲིད་བློན་ཆེན་མུ་ར་ལི་ད་རན་གྱིས་བོད་དང་ཤིན་ཅང་གྱི་ས་མཚམས་རྒྱུད་ལ་རྒྱ་ནག་གིས་རྨང་གཞིའི་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་རྒྱ་གར་གཞུང་གིས་ཤེས་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ལས་གཞིའི་འཛུགས་སྐྲུན་དག་ལ་རྒྱུན་དུ་དོ་སྣང་བྱེད་བཞིན་ཡོད་ཅེས་བཤད་འདུག

XS
SM
MD
LG