ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གཞུང་གིས་བོད་པ་ཞིག་ལ་ལོ་གཅིག་གི་བཙོན་འཇུག་ཁྲིམས་གཅོད།


༄༅།། སྔ་ལོའི་ཕྱི་ཟླ་༡༠་པའི་ཚེས་༡༣་ཉིན་རྒྱ་གཞུང་གིས་རྨ་ཆེན་རྫོང་། ར་རྒྱ་གྲོང་རྡལ་གྱི་བོད་པ་ལོ་ན་༥༠་ཐམ་པར་སོན་པའི་བཀྲ་ཤིས་རྒྱལ་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་ཟེར་བའི་ནག་ཉེས་བཙུགས་ཏེ་ལོ་གཅིག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ས་གནས་དེའི་བོད་པ་ཞིག་ལ་འདི་གའི་གསར་འགོད་པས་བཅར་འདྲི་ཞུས་པར་བཀྲ་ཤིས་རྒྱལ་འཛིན་བཟུང་བྱས་པའི་གནས་ཚུལ་དེ་བདེན་པ་ཡིན་རུང་ཕྱི་ལ་འབྱུང་རྐྱེན་ཅི་ཡིན་ཞིབ་ཕྲ་བཤད་རྒྱུ་སྟབས་བདེ་མ་རེད། བཀྲ་ཤིས་རྒྱལ་འཛིན་བཟུང་བྱས་པ་ངོ་མ་ཡིན་པ་དང་དེའི་སྐོར་བཤད་འདོད་ཡོད་ཀྱང་བཤད་ཐུབ་གི་མི་འདུག་ཅེས་ལན་འདེབས་བྱས་སོང་།།

རྒྱ་གར་རྡ་རམ་ས་ལའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་སྤེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ཆེན་རྫོང་གི་ས་གནས་དབང་འཛིན་པ་ཚོས་བོད་པ་ཞིག་ལ་སྒེར་གྱི་འཕྲིན་ཕྲན་རྒྱབ་ལྗོངས་སུ་སྤེལ་བའི་གནས་ཚུལ་དེ་དག་ནི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་བའི་ཉེས་གསོག་ཅིག་རེད་ཅེས་ནག་ཉེས་བཙུགས་ནས་ལོ་གཅིག་གི་བཙོན་འཇུག་ཁྲིམས་ཐག་བཅད་ཅིང་། རྒྱ་གཞུང་གིས་བཀྲ་ཤིས་རྒྱལ་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དེས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ཡིག་རྩ་འཛིན་ཁག་བརྩི་མེད་རྡོག་རོལ་བཏང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པར་མ་ཟད། སྐྱེ་བོ་སྒེར་གྱི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་རྒྱལ་སྤྱིའི་གྲོས་མཐུན་ཁག་ལ་རྒྱ་གཞུང་གིས་མིང་རྟགས་བཀོད་པར་རྒྱབ་འགལ་སོང་བ། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྒེར་དབང་ཐོབ་ཐང་ལ་ཧམ་འཛུལ་གྱིས་སྒེར་དབང་ཐོབ་ཐང་ལ་ལོག་འགྲེལ་རྒྱ་ཆེན་པོ་བྱས་འདུག རྒྱ་གཞུང་གིས་བཀྲ་ཤིས་རྒྱལ་བཙོན་འཇུག་བྱེད་དོན་ངོ་མ་ནི་ཞི་བའི་ཐོག་ནས་སོ་སོའི་རྣམ་དཔྱོད་ལོངས་སུ་སྤྱད་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་གཙོས་བོད་ཀྱི་རྒྱལ་དར་དང་སྲིད་སྐྱོང་བློ་བཟང་སེངྒེ་གེ་སོགས་ལ་འབྲེལ་བ་ཡོད་པའི་གནས་ཚུལ་ཁག་ཅིག་འདོན་སྤེལ་དང་བརྒྱུད་སྐུར་བྱས་པས་རེད།།

བཀྲ་ཤིས་རྒྱལ་གྱི་བསམ་བརྗོད་རང་དབང་གི་ཐོབ་ཐང་ནི་སུས་ཀྱང་འཕྲོག་མི་ཆོག རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁ་གཡར་ནས་ཐོབ་ཐང་འདི་ཉིད་བརྩི་མེད་གཏོང་ཆོག་པའི་དམིགས་བསལ་ཞིག་གཏན་ནས་མེད། སྤྱི་དམངས་དང་ཆབ་སྲིད་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་སྤྱི་ཆིངས་དོན་ཚན་༡༧་པའི་ནང་དུ་སྒེར་དབང་ཐོབ་ཐང་ལ་སྲུང་སྐྱོབ་བྱ་དགོས། རྒྱ་གཞུང་གིས་མིང་རྟགས་འཁོད་ཀྱང་ལག་བསྟར་ཆོག་མཆན་མ་སྤྲད་པའི་སྤྱི་ཆིངས་འདིའི་ནང་དུ་སྒེར་དབང་ཐོབ་ཐང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཞུགས་རྒྱལ་ཁབ་ཁག་དང་འབྲེལ་བའི་རྒྱལ་སྤྱིའི་ཁྲིམས་སྲོལ་གྱི་ཆ་ཤས་ཡིན་པས་སྤྱིའི་རྩ་ཁྲིམས་ནང་དུ་སྒེར་དབང་ཐོབ་ཐང་ལ་ངེས་པར་དུ་སྲུང་སྐྱོབ་དགོས་པ་གསལ་ཡོད། ཡིན་ནའང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ནང་དུ་སྒེར་དབང་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པ་དེ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྤྱིའི་ཁྲིམས་ཡིག་རྩ་འཛིན་ཁག་རྩིས་མེད་བཏང་བའི་དཔེ་མཚོན་གལ་ཆེན་ཞིག་མཚོན། རྒྱ་གཞུང་གིས་བོད་ནང་གི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་ལ་དམ་དྲག་བྱས་པའི་དཔེ་མཚོན་གལ་ཆེན་ཞིག་ཀྱང་ཆགས་ཡོད་ཅེས་འཁོད་འདུག ཉམས་ཞིབ་པ་པདྨ་རྒྱལ་གྱིས་རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྒྲིག་ལག་བསྟར་བྱེད་གི་ཡོད་ཅེས་དྲིལ་བསྒྲགས་ཤུགས་ཆེན་པོ་བྱེད་གི་ཡོད་པ་རེད། ད་ཐེངས་ཀྱི་གནས་ཚུལ་འདི་ལྟ་བུ་སོགས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཙོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཡོང་ཁྱབ་གསལ་སྒྲག་གི་ཁྲིམས་སྒྲིག་དང་རྩ་འཛིན་དེ་དག་རྡོག་རོལ་གཏོང་གི་ཡོད་པ་དེ་ཧ་ཅང་གསལ་བོ་རེད་ཅེས་བསམ་ཚུལ་བརྗོད་སོང་བ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG