ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་བོད་པའི་སློབ་ཕྲུག་གཉིས་སློབ་གྲྭ་ནས་ཕྱིར་འབུད།


༄༅།། བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་བརྗོད་དོན་ལྟར་ན། མཚོ་ལྷོ་ཁུལ་གྱི་བོད་པའི་སློབ་ཕྲུག་བྱམས་པ་ཚེ་རིང་དང་གདུགས་དཀར་ཚེ་རིང་གཉིས་རྒྱལ་ཁབ་ཀྱི་ཁྲིམས་འགལ་ཉེས་ཅན་ཡིན་པའི་ཐག་གཅོད་བྱས་ནས་སློབ་ཕྲུག་དེ་དག་སློབ་གྲྭ་ནས་ཕྱིར་འབུད་བྱས་ཤིང་། ད་ལྟ་ཁོ་ཚོ་རང་ཁྱིམ་དུ་ཕྱིར་སློག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག བྱམས་པ་ཚེ་རིང་དང་གདུངས་ཀར་ཚེ་རིང་གཉིས་སློབ་གྲྭ་ནས་ཕྱིར་འབུད་བྱས་པའི་རྗེས་སུ་རང་ཁྱིམ་དུ་གནས་སྡོད་བྱ་དགོས་པ་ལས་ས་གནས་གཞན་དུ་འགྲོ་མི་ཆོག་ཅེས་འགྲོ་སྐྱོད་རང་དབང་མེད་པར་བཀག་སྡོམ་འོག་ཏུ་ཚུད་འདུག གལ་སྲིད་ཞིང་ཆེན་ནང་ཁུལ་དང་ས་གནས་གཞན་ལ་བསྐྱོད་དགོས་ན་ས་གནས་ཀྱི་ཉེན་རྟོག་ཁང་ལ་ཆོག་མཆན་ཞུ་དགོས་ཀྱི་འདུག ལོ་ན་ཆུང་བ་དང་ཤེས་ཡོན་སློབ་སྦྱོང་གི་ཁོར་ཡུག་འགྲིམ་དགོས་པའི་བྱིས་པ་དེ་དག་ལ་མཚོན་ན་ཧ་ཅང་དཀའ་ཁག་ཆེན་པོ་ཞིག་གི་ནང་དུ་ལྷུང་འདུག་ཅེས་བརྗོད་ཡོད་པ་རེད།།

གོང་བརྗོད་སློབ་ཕྲུག་དེ་དག་ལ་རྒྱུས་མངའ་གསལ་པོ་ཡོད་མཁན་གྱི་མི་གཞན་ཞིག་གིས་བརྗོད་དོན་ལྟར་ན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། གསེར་ཆེན་རྫོང་གི་མཚོ་སྔོན་པོ་ཅང་ཤིས་ཡུལ་ཚོ། ཟླ་ཚང་སྡེ་པའི་རུ་ཁག་བཞི་པའི་བོད་པའི་སློབ་ཕྲུག་བྱམས་པ་ཚེ་རིང་གི་ཨ་ཕའི་མིང་ལ་རྟ་མགྲིན་སྐྱབས་དང་ཨ་མིའི་མིང་ལ་དཀོན་མཆོག་སྐྱིད་ཟེར་ཞིང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ། མི་རིགས་མཐོ་འབྲིང་དང་པོའི་སློབ་ཕྲུག་གདུགས་དཀར་ཚེ་རིང་གི་ཨ་མའི་མིང་ལ་དཀོན་མཆོག་མཚོ་དང་ཨ་ཕའི་མིང་ལ་གསོན་འགྲིག་རྒྱལ་ཟེར། གདུགས་དཀར་ཚེ་རིང་ནི་ཟླ་ཚང་སྡེ་པའི་རུ་ཁག་གསུམ་པ་ནས་ཡིན་འདུག ད་ལྟ་སློབ་ཕྲུག་དེ་དག་བཀག་ཉར་ཁང་དུ་བཅུག་མེད་ཀྱང་རང་ཁྱིམ་དུ་བཀག་སྡེ་མ་འོངས་པར་གཟབ་གཟབ་བྱ་དགོས་བའི་བཀའ་ཕབ། ཁོ་ཚོར་འགྲོ་སྐྱོད་དང་སྨྲ་བརྗོད་རང་དབང་མེད་པར་མ་ཟད་། སློབ་གྲྭར་འདུག་མི་ཆོག་པར་ཕྱིར་འབུད་བྱས་ཟིན་པ་རེད་ཅེས་འགྲེལ་བརྗོད་བྱས་འདུག

བོད་པའི་སློབ་ཕྲུག་དེ་དག་གིས་༢༠༡༩་ལོའི་ཟླ་༥་པའི་ནང་དུ་སློབ་གྲྭའི་ལུས་རྩལ་འགྲན་སྡུར་ཞིག་གི་སྐབས་སུ་རང་གི་རུ་ཁག་གི་ལུས་རྩལ་སྒྲིག་ཆས་ཐོག་ཏུ་གངས་རིའི་རྒྱབ་དུ་འོད་མདངས་འཕྲོ་བཞིན་པའི་པར་རིས་ཤིག་བྲིས་པའི་སྟབས་ཀྱིས་ཁུལ་དེའི་གསང་བའི་ཉེན་རྟོག་པའི་འཛིན་བཟུང་དང་བཀག་ཉར། ཁོ་ཚོར་འདྲི་རྩད་ནན་པོ་བྱས་ནས་མཐའ་མཇུག་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་སོང་། སྤྱི་ཚོགས་དྲྭ་ལམ་དུ་པར་རིས་དེ་བརྒྱུད་སྤེལ་བྱས་སོང་ཞེས་བསྙོན་འཛུགས་བྱས་ནས་བྱམས་པ་ཚེ་རིང་ལ་ལོ་གཅིག་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད། ལོ་གཅིག་གི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག ཕྱིས་སུ་བཙོན་འཇུག་གི་དུས་ཡུན་ལོ་གཉིས་ལ་ཕར་འགྱངས་བྱས་ནས་ལྟ་རྟོག་འོག་བཞག་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG