ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༡/༡༤

མ་སུ་རི་བོད་ཁྱིམ་གྱི་སློབ་ཕྲུག་༡༧་ལ་ནད་དུག་འགོས་པ།


༄༅།། རྒྱ་གར་བྱང་ཕྱོགས་ཀྱི་ཨུ་ཏར་ཁན་མངའ་སྡེའི་མ་སུ་རི་ས་གནས་སུ་ཆགས་པའི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་༡༧་དང་ལས་བྱེད་པ་༤་བཅས་ཁྱོན་བསྡོམས་མི་༢༡་ལ་ཏོག་དབྱིབས་དུག་འགོས་ཡོད་པའི་གནས་ཚུལ་བྱུང་འདུག གསར་འགོད་པས་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་སྐྱོང་འགན་འཛིན་སོགས་ལ་གནས་སྟངས་ཛ་དྲག་ཡོད་མེད་བཅར་འདྲི་ཞུས་པར་ནད་ཡམས་ཁྱབ་གདལ་གྱི་ཚབས་ཆེའི་ཛ་དྲག་གི་གནས་ཚུལ་གང་ཡང་བྱུང་མེད། སློབ་ཕྲུག་གི་ཕ་མ་སོགས་ཀྱིས་སེམས་ཁྲེལ་གནང་མི་དགོས། ནད་དུག་ཕོག་པའི་སློབ་ཕྲུག་མང་ཆེ་བ་ཉིན་ཤས་གོང་དུ་རང་ཁྱིམ་ནས་སློབ་གྲྭར་འབྱོར་བའི་རྗེས་སུ་ཟུར་འགོག་བྱས་ཏེ་བཞག་ཡོད་པ་དང་སློབ་ཕྲུག་བྱིངས་ལ་འདྲེས་མེད་ཅེས་མ་སུ་རི་བོད་ཁྱིམ་ཀྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་བདག་གིས་འགྲེལ་བརྗོད་གནང་འདུག

མུ་སུ་རི་བོད་ཁྱིམ་གྱི་སྤྱི་ཁྱབ་དྲུང་ཆེ་ཀརྨ་ཆུང་བདག་གིས་མུ་མཐུད་དུ་བརྗོད་དོན་ལྟར་ན། ད་ལྟའི་ཆར་སློབ་ཕྲུག་གི་གྲས་སུ་གློ་བརྒྱབ་པ་དང་ཚ་བ་འཕར་བ་་སོགས་ནད་རྟགས་ཐོན་ཡོད་པ་མི་འདུག ཡིན་ནའང་འཛིན་སྐྱོང་ངོས་ནས་ས་གནས་རྒྱ་གར་གྱི་སྨན་ཁང་ཁག་ལ་འབྲེལ་བ་བྱས་ནས་སྨན་བཅོས་ཀྱི་མཐུན་རྐྱེན་གྲ་སྒྲིག་གང་ཐུབ་ཞུ་བཞིན་ཡོད་ཅེས་བཀྲལ། མ་སུ་རི་བོད་ཁྱིམ་སློབ་གྲྭ་ཆགས་ཡུལ་དེ་ཉིད་རྒྱ་གར་གྱི་བསིལ་གནས་རི་གྲོང་མཛེས་སྡུག་ལྡན་པ་དང་རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་གཙོ་བོ་ཞིག་ཡིན་པར་མ་ཟད། ༡༩༥༩་ལོར་༧གོང་ས་མཆོག་དང་བོད་གཞུང་དགའ་ལྡན་ཕོ་བྲང་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བའི་རྗེས་སུ་ལོ་གཅིག་ལྷག་ལ་མ་སུ་རིར་བཞུགས་མྱོང་ཡོད་ཅིང་། དེང་སྐབས་མ་སུ་རི་ས་གནས་སུ་མངའ་སྡེ་གཞུང་གིས་འགྲོ་འོང་བཀག་སྡོམ་སོགས་བྱེད་ཀྱི་མེད་པས་བོད་ཁྱིམ་སློབ་གྲྭའི་དགོན་པ་དང་ལྷ་བཟོ་རི་སོགས་ལ་རྒྱ་གར་བ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་ཟམ་མི་ཆད་པར་ལྟད་མོར་ཡོང་སྟེ་བོད་ཁྱིམ་སློབ་གྲྭའི་ཉེ་འཁོར་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གཏོང་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ། ད་དུང་མ་སུ་རི་ནས་རྒྱང་ཐག་རིང་པོ་མེད་པའི་ཧ་རི་དྷོ་ཝར་ས་གནས་སུ་རྒྱ་གར་གྱི་ཀུམ་བྷུ་མཱེ་ལ་ཞེས་ཧིན་རྡུ་ཆོས་ལུགས་ཀྱི་དུས་ཆེན་ཚོགས་ཏེ་མི་ཁྲི་ཚོ་མང་པོ་ས་གནས་གཅིག་ལ་འདུས་ཡོད་པས་ཨུ་ཏར་ཁན་མངའ་སྡེའི་ནང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་རུ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག

འདས་པའི་ཉིན་ཤས་ནས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཕོག་མཁན་གྱི་གྲངས་ཀ་ལྡབ་མང་པོ་ཞིག་འཕར་སྣོན་འགྲོ་བཞིན་ཡོད་པ་སྟེ། ཉིན་ཞག་གཅིག་ལ་ནད་པའི་གྲངས་འབོར་འབུམ་གཅིག་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་ཐོན། རྒྱ་གར་རྒྱལ་ཡོངས་སུ་མ་ཧ་ར་ཤི་ཊི་ར་མངའ་སྡེ་ནི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཤོས་སུ་གྱུར་པ་དང་འགྲོ་འོང་བཀག་སྡོམ་གྱི་བཀའ་རྒྱ་བསྡམ་འཆར་ཡོད་འདུག དེང་སང་རྒྱ་གར་ལ་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཀྱི་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོར་གྲ་སྒྲིག་བྱེད་བཞིན་ཡོད་ཀྱང་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཁག་ཅིག་གིས་དབུས་གཞུང་ལ་ལོ་འདིར་རྒྱལ་ཡོངས་ཡིག་རྒྱུགས་ཆེན་མོ་གཏང་མི་དགོས་པའི་དགོངས་ཚུལ་འདོན་བཞིན་ཡོད་པ་སོགས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG