ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༥/༠༢/༠༧

༧གོང་ས་མཆོག་གིས་གཞོན་སྐྱེས་ཤུགས་རྐྱེན་ཅན་ཚོར་བཀའ་སློབ་སྩལ་བ།


༄༅།། མཉམ་འདུས་ཀྱི་འཛམ་གླིང་དང་བརྩེ་སེམས་གོང་འཕེལ་ཚོགས་པ་གཉིས་ཐུན་མོང་གིས་ཇི་ལྟར་གསོལ་བ་བཏབ་པ་བཞིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱིར་ནོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་དྲྭ་ལམ་དུ་རྒྱལ་སྤྱིའི་གཞོན་སྐྱེས་ཤུགས་རྐྱེན་ཅན་ཚོར་བཀའ་སློབ་གནང་ཡོད་ཅིང་། མཉམ་འདུས་ཀྱི་འཛམ་གླིང་དང་བརྩེ་སེམས་གོང་འཕེལ་ཚོགས་པའི་ཚོགས་གཙོ་སོ་ཧྥི་རཱི་ཝྭེར་གྱིས་ལས་རིམ་ཁག་མཚམས་སྦྱོར་ཞུས་པ་དང་༧གོང་ས་མཆོག་གིས་འཛམ་གླིང་ལ་ཤུགས་རྐྱེན་ཆེ་བའི་གཞོན་སྐྱེས་༡༢་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་དུས་འདིར་འཛམ་གླིང་གི་དབུལ་ཕྱུག་གཉིས་ལ་དཔལ་འབྱོར་ཡོང་འབབ་ཀྱི་ཁྱད་པར་ཆེ་རུ་འགྲོ་བཞིན་འདུག ཁོར་ཡུག་གཏོར་བཤིག་ཀྱང་ཚད་ལས་བརྒལ་བ་འབྱུང་གི་ཡོད་པས་ལྷག་བསམ་དང་གཞན་ཕན་གྱི་བསམ་བློ་གོང་འཕེལ་བཏང་ནས་འཛམ་གླིང་གི་སའི་གོ་ལ་འདི་ཡུན་གནས་ཐུབ་པའི་སྲི་ཞུ་བསྒྲུབ་དགོས་པ་སོགས་ལ་དྲི་བ་དྲིས་ལན་གྱི་མཛད་རིམ་ཞིག་བསྐྱངས་སོང་།།

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བཤད་སྙིང་བསྡུས་ཤིག་གནང་བའི་རྗེས་སུ་གཞོན་སྐྱེས་ཚོར་བཀའ་འདྲི་ཞུ་རུ་བཅུག་ཅིང་། ད་ཐེངས་ཀྱི་མཛད་རིམ་ཁོངས་སུ་པ་ཀི་སི་ཐན་དང་ཨབ་གྷ་ཎི་སི་ཐན། ཨ་རི་དང་ཁེ་ན་ཌ་སོགས་རྒྱལ་ཁབ་ཁག་གི་ན་གཞོན་ལས་འགུལ་བ་དང་གཞས་པ། གློག་བརྙན་བཟོ་སྐྲུན་པ་བཅས་སྒྱུ་རྩལ་གྱི་ལས་རིགས་ཐོག་ཏུ་གཟེངས་ཐོན་བྱ་དགའ་ཐོབ་མཁན། དེ་བཞིན་གཞོན་སྐྱེས་ཚོའི་དམིགས་དཔེར་འོས་པའི་མཛད་རྗེས་ཅན་གྱི་རུ་ཁག་དྲུག་ལ་དབྱེ་ནས་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་ཐོབ། སྔོན་ཆད་ལྷོ་སུ་ཏན་ནས་ཁེ་ན་ཌར་སྐྱབས་བཅོལ་དུ་འབྱོར་བའི་སྒྱུ་རྩལ་བ་ཨེ་མན་ནུལ་ཇཱལ་ཞེས་པ་ཞིག་ལ་ཆུང་དུས་རང་ཡུལ་དུ་དཀའ་ངལ་དུ་མ་ཞིག་ཕྲད་མྱོང་བར་མ་ཟད། ལོ་ཆུང་བྱིས་པའི་སྐབས་སུ་དམག་ཁོངས་སུ་ཞུགས་དགོས་བྱུང་ཞིང་། ཕྱིས་སུ་སྐྱབས་བཅོལ་དུ་བསླེབས་ནས་ཞི་བའི་ལས་འགུལ་བ་ཞིག་ཏུ་གྱུར་པ་དང་སྐྱབས་བཅོལ་བ་ཚོས་རང་གི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་བཀའ་འདྲི་ཞུས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་མོ་བོད་དང་རྒྱ་ནག སོག་པོ་བཅས་རྒྱལ་ཁབ་ཁག་ལ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཡོད། དུས་སྔོན་མའི་ལོ་རབས་༥༠་བའི་མགོ་སྟོད་དེར་རྒྱ་ནག་གི་ཤུགས་རྐྱེན་བོད་ལ་ཐེབས། དམར་ཤོག་ཚོགས་པའི་ལྟ་བ་བཟང་པོ་ཁག་ལ་གཞིགས་ནས་༧གོང་ས་གང་ཉིད་ཀྱང་དམར་ཤོག་ཚོགས་པའི་ཁོངས་སུ་ཞུགས་དགོས་པའི་དགོངས་པ་བཞེས་མྱོང་། ཕྱིས་སུ་དཔོན་རིགས་ཕན་ཚུན་དབང་ཆའི་འཐབ་རྩོད་དང་ཕྱི་ལོ་༡༩༥༩་ལོར་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་དགོས་བྱུང་བ། རྒྱ་གར་ལ་འབྱོར་བའི་རྗེས་སུ་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་དཔོན་རིགས་ཚོར་མཇལ་འཕྲད་བྱུང་སྟེ་རང་གི་རྒྱལ་ཁབ་དང་མི་རིགས་ཁོ་ནར་བཅངས་པའི་བློ་དེ་རྒྱ་བསྐྱེད་ནས་འགྲོ་བ་མི་གཅིག་གྱུར་གྱི་བསམ་བློ་གོང་འཕེལ་གཏོང་རྒྱུ་གལ་གནད་ཆེ་བ་ངོས་ཟིན། བཙན་བྱོལ་སྤྱི་ཚོགས་སུ་སོ་སོའི་ངོ་བོ་སྲུང་སྐྱོབ་བྱེད་པའི་ཞོར་དུ་འགྲོ་བ་མིའི་གཅིག་གྱུར་གྱི་འདུ་ཤེས་གོང་འཕེལ་གཏོང་རྒྱུའི་དགོངས་པ་དེས་སྐྱབས་བཅོལ་བའི་དཀ་ངལ་ལ་གདོང་ལེན་བྱེད་ཐུབ་པའི་ཕན་ཐོགས་ཆེན་པོ་བྱུང་སོང་ཞེས་བཀའ་སློབ་ཞིབ་ཕྲ་གནང་འདུག

གཞན་ཡང་དེ་རིང་གི་ལས་རིམ་དེར་མཉམ་ཞུགས་བྱེད་མཁན་ན་གཞོན་མ་བུད་མེད་ཀྱི་ལས་འགུལ་བ་དང་སྒྱུ་རྩལ་བ་མི་ཉུང་བ་ཞིག་འདུག ཁོ་ཚོས་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་མེད་པར་བཟོ་ཐབས་དང་བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་གཏོང་ཐབས་ལ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྟོན་གནང་རོགས་ཞེས་ཞུས། ༧གོང་ས་མཆོག་གིས་སྔ་མོར་ལས་དོན་མང་པོ་ཞིག་ལུས་ཤུགས་ཀྱིས་བསྒྲུབ་དགོས་པས་བུད་མེད་ཀྱི་ལུས་པོའི་ནུས་པ་ཆུང་བ་ཡོད་པར་བུད་མེད་ལ་མཐོང་ཆུང་གི་རྣམ་པ་ཞིག་བྱུང་ཞིང་། དེ་ནི་ཆོས་ལུགས་དང་ལུགས་སྲོལ་རྙིང་པའི་བག་ཆགས་ཤིག་ཡིན་པས་ད་ལྟའི་དུས་སུ་མི་མཐུན་པའི་བསམ་བློ་ཞིག་རེད། ད་ལྟའི་དུས་སྐབས་སུ་ནེའུ་ཛི་ལན་ཌི་ལ་སོགས་པའི་རྒྱལ་ཁབ་ཁག་བུད་མེད་ཀྱིས་འགོ་ཁྲིད་བྱེད་བཞིན་ཡོད་པ་དང་ཕྱག་ལས་གཟེངས་སུ་ཐོན་པ། སྐྱེས་པ་ལས་ལྷག་པའི་ནུས་པ་འདོན་བཞིན་ཡོད་པས་ང་ཚོས་ལུགས་སྲོལ་དང་བསམ་བློ་རྙིང་པོར་འགྱུར་བ་གཏང་རྒྱུ་གལ་ཆེ། བུད་མེད་ལ་རང་བཞིན་ལྷན་སྐྱེས་ཀྱི་བྱམས་བརྩེའི་བློ་ཤུགས་ཆེ་བ་ཡོད་པ་ནི་ཚན་རིག་པའི་བརྟག་དཔྱད་བྱས་ནས་ར་འཕྲོད། འཛམ་གླིང་གི་འགོ་ཁྲིད་མང་དག་ཅིག་བུད་མེད་བྱུང་ན་འཛམ་གླིང་དེ་བརྟན་པ་ཞིག་ཡོང་ཐུབ་པའི་རེ་བ་ཡོད་པ་རེད་ཅེས་གསུངས།།

དེ་རིང་གི་མཛད་རིམ་ཁོངས་སུ་ཨ་རི་དང་ཁེ་ན་ཌའི་དོད་མའི་མི་རིགས་ཀྱི་སྒྱུ་རྩལ་བ་ཁག་ཅིག་ཀྱང་འདུག་པས་གཅིག་གིས་རང་གི་མེས་པོ་ཚོས་རྟག་ཏུ་ཡ་རབས་བཟང་སྤྱོད་ཀྱི་བསླབ་བྱ་ཁོ་ན་བསྐྱོན་གྱི་ཡོད། ད་ལྟའི་དུས་སྐབས་སུ་ཡ་རབས་སྤྱོད་བཟང་གིས་འདང་ངེས་ཀྱི་ཡོད་མེད་བཀའ་དྲི་ཞུས་པར་༧གོང་ས་མཆོག་གིས་འདོད་མའི་མི་རིགས་ཀྱི་འཚོ་བ་སྐྱེལ་ཕྱོགས་ཁོ་ན་འཁོར་ཡུག་དང་ཧ་ཅང་མཐུན་པའི་ལམ་ལུགས་ཤ་སྟག་ཡིན་པས་དེ་དག་ཉམས་པ་སླར་གསོ་བྱ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཞེས་བཀའ་སློབ་རྩལ། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་བཤད་ཀྱི་ནང་དོན་གཙོ་བོ་ནི་ང་ཚོའི་འཛམ་གླིང་འདིའི་ཕུ་ནུ་མིང་སྲིང་ཡོད་དོ་ཅོག་ལ་འཛམ་གླིང་འདིར་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུའི་ནུས་པ་དང་འགན་ཁུར་གཉིས་ཀ་ཡོད། མི་རེ་ངོ་རེས་འགན་ཁུར་མཉམ་ལེན་གྱི་གོམ་པ་མདུན་སྤོ་བྱས་ན་གཡུར་དུ་ཟ་བའི་གྲུབ་འབྲས་འཐོན་རྒྱུ་ཡོད་པས་ཚང་མས་ངེས་པར་དུ་ཁུར་བཞེས་གནང་དགོས་ཞེས་ཐུགས་ཚོར་ཆེན་པོས་ནན་སྐུལ་གནང་བ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG