ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༢

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་འདས་གྲོངས། 


༄༅།། རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་མོན་རྟ་དབང་ཁུལ་གྱི་མཐོ་རིམ་འགོ་ཁྲིད་ཐུབ་བསྟན་བསྟན་པ་ཕྱི་ཟླ་༡༠་པའི་ཚེས་༧་གྱི་དགོང་མོར་ཨི་ཊ་ན་སྒར་གྲོང་ཁྱེར་གྱི་ར་མ་ཀི་རི་ཤི་ན་དགེ་རྩའི་སྨན་ཁང་དུ་འདས་གྲོངས་སུ་གྱུར། རྒྱ་གར་གྱི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༠་པའི་ཚེས་༦་ཉིན་ལོ་ན་༦༣་ལ་སོན་པའི་སྐུ་ཞབས་ཐུབ་བསྟན་བསྟན་པའི་གྲོད་ཁོག་ལ་ཟུག་བརྒྱབ་སྟེ་ཕྱི་ཉིན་ཁྲག་ཤེད་དམའ་རུ་ཕྱིན་པ་དང་སྙུང་གཞི་ཇེ་སྡུག་ཏུ་སོང་། གཟའ་པ་སངས་ཉིན་ནད་པ་སྨན་ཁང་དུ་ཁྱེར་ནས་སྨན་བཅོས་བྱས་ཀྱང་དྲག་སྐྱེད་མ་བྱུང་ཞིང་། ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཐུབ་བསྟན་བསྟན་པ་འདས་གྲོངས་སུ་གྱུར་པའི་གནས་ཚུལ་ཐོན་མ་ཐག་ཏུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཐོག་པདྨ་མཁའ་འགྲོས་ཨ་རུ་ན་ཅལ་མངའ་སྡེའི་མཐོ་རིམ་ལས་སྣེ་དང་སྲི་ཞུ་བ་སྐུ་ཞབས་ཐུབ་བསྟན་བསྟན་པ་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པར་བློ་ཕམ་ཆེ། སངས་རྒྱས་ཀྱིས་དམ་པ་དེ་བདེ་བ་ཅན་དུ་འདྲེན་པར་སྨོན། ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ་ནས་མྱ་ངན་ཞུས།།

སྐུ་ཞབས་ཐུབ་བསྟན་བསྟན་པ་ཆབ་སྲིད་ལ་མ་ཞུགས་གོང་དུ་གཞུང་གི་སྲི་ཞུ་བའི་ཁོངས་སུ་ཞུགས། ཁོང་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ཇཱ་བ་ལལ་ནེ་རུ་སློབ་གྲྭ་ཆེན་མོར་རྒྱལ་སྤྱིའི་འབྲེལ་ལམ་རིག་པའི་གཙུག་ལག་རབ་འབྱམས་པ་དང་ཕྱི་འབྲེལ་གྱི་འབུམ་རམས་པའི་སློབ་གཉེར་གནང་ཤིང་། ༢༠༡༩་ལོར་ཐུབ་བསྟན་བསྟན་པ་རྟ་དབང་གི་རྫོང་ཁག་གཉིས་ཀྱི་ཀོང་རེ་སི་ཚོགས་པའི་འོས་མིར་ལངས་ཏེ་མངའ་སྡེ་གྲོས་ཚོགས་ཀྱི་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་འོས་མི་ཚེ་རིང་བཀྲ་ཤིས་ལ་ཁ་གཏད་བཅག་ཀྱང་འོས་ཤོག་མ་ཐོབ། ཨ་རུ་ན་ཅལ་མངའ་སྤྱིའི་ཁྱབ་བློན་ཆེན་གཞོན་པ་ཆོ་ན་མེན་གྱིས་སྐུ་ཞབས་ཐུབ་བསྟན་བསྟན་པ་དམ་པ་དེའི་ཤུལ་ལུས་བཟའ་མི་ཚོར་སེམས་གསོ་ཞུ་རྒྱུ་ཡིན། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་དང་ཨ་རུ་ན་ཅལ་གྱི་མཐོ་རིམ་ལས་སྣེ་ཐུབ་བསྟན་བསྟན་པ་སྐུ་ཚེའི་འཕེན་པ་རྫོགས་པར་གདུང་ཤུགས་དྲག་པོས་མྱ་ངན་ཞུ། དམ་པ་དེས་ཨ་རུ་ན་ཅལ་མངའ་སྡེ་ཡར་རྒྱས་བཏང་བའི་མཛད་རྗེས་ནི་གཏན་དུ་རྗེས་དྲན་བྱེད་འོས་པ་ཞིག་རེད་ཅེས་གསལ་བསྒྲགས་སྤེལ་འདུག

འདས་པོ་དེར་ཤུལ་དུ་ཆུང་མ་དང་བུ་ཞིག བུ་མོ་བཅས་བཟའ་མི་གསུམ་ཡོད་ཅིང་། ཁོང་ལོ་རབས་༩༠་མགོ་སྟོད་ནས་ཆབ་སྲིད་ལ་ཞུགས་ཏེ་འཕྲལ་དུ་སྙན་གྲགས་རྒྱས། ཁོང་༡༩༩༠་ཐམ་པ་ནས་༢༠༠༤་བར་དུ་རྟ་དབང་ཁུལ་གྱི་འཐུས་མིར་ལངས་ཏེ་མངའ་སྡེ་གྲོས་ཚོགས་སུ་ཐེངས་གསུམ་འདེམས་ཐོན་བྱུང་། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དགེ་གོང་ཨ་པང་དང་མུག་ཀུ་ཏ་མཱི་ཐིའི་འགོ་ཁྲིད་འོག་ཏུ་མངའ་སྡེ་གཞུང་གི་བློན་ཆེན་རིམ་པའི་ལས་ཁུར་བཞེས། མངའ་སྡེའི་སྤྱི་ཁྱབ་དང་བགྲེས་ཡོལ་དུ་ཕེབས་པའི་དམག་སྤྱི་ཟུར་པ་མཱི་ཤ་རས་ཐུབ་བསྟན་བསྟན་པ་དམ་པ་དེས་མངའ་སྡེ་འཛིན་སྐྱོང་དང་ལས་རིགས་གཞན་ཁག་གི་ཐོག་ཏུ་གཟེངས་སུ་མཐོ་བའི་མཛད་རྗེས་བཞག་ཡོད། ཁོང་སྐུ་ཚེ་མ་ཟིན་པ་ནི་ཨ་རུ་ན་ཅལ་མངའ་སྡེར་གཞུང་འཛིན་ལས་སྣེ་མཆོག་ཏུ་གྱུར་པ་ཞིག་དང་འཇོན་ཐང་ཅན་གྱི་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་མེད་པར་གྱུར་པ་རེད། ཨ་རུ་ན་ཅལ་མངའ་སྡེའི་གཞུང་དམངས་གཉིས་ཀས་དམ་པ་དེར་མྱ་ངན་ཞུ་རྒྱུ་དང་དམ་པ་དེ་བདེ་བ་ཅན་དུ་སྐྱེ་བར་སྨོན་ཞེས་གསར་འགོད་གསལ་བསྒྲགས་སྤེལ། རྒྱ་གར་དབུས་གཞུང་གི་ལས་སྣེ་ཚོ་དང་ཀོང་རེ་སི་ཕྱོགས་འགལ་ཚོགས་པའི་མཐོ་རིམ་ལས་སྣེ་ཚོས་ཀྱང་ཨུ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་ཐུབ་བསྟན་བསྟན་པ་འདས་གྲོངས་སུ་གྱུར་པར་མྱ་ངན་དང་ཤུལ་ལུས་བཟའ་མི་ཚོར་སེམས་གསོའི་གསལ་བསྒྲགས་སྤེལ་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG