ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྟ་དབང་སྨན་ཁང་དུ་དཔྱི་མགོ་ཆ་ཚང་བརྗེ་ཚབ་ཀྱི་གཤག་བཅོས།


༄༅།། རྒྱ་གར་ཤར་ཕྱོགས་སུ་ཆགས་པའི་ཨ་རུ་ན་ཅལ་མངའ་སྡེའི་རྟ་དབང་རྫོང་གི་མཁའ་འགྲོ་འགྲོ་བ་བཟང་མོ་སྨན་ཁང་དུ་སྨན་པ་དྷུ་ཁམ་མ་གུ་ཞེས་པ་ཞིག་དང་སྨན་བཅོས་རུ་ཁག་ཅིག་གིས་སྐྱེས་པ་ཞིག་གི་དཔྱི་མགོ་ཆ་ཚང་བརྗེ་པོ་སློག་པའི་གཤག་བཅོས་བྱས་ནས་གྲུབ་འབྲས་གང་ལེགས་ཐོན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༥་པའི་ཚེས་༡༧་ཉིན་རྟ་དབང་ཉེར་བཞིའི་གསར་འགྱུར་དྲྭ་ལམ་དུ་གནས་ཚུལ་བཀོད་པ་ལྟར་ན། ལོ་ན་༣༩་ལ་སོན་པའི་རྟ་དབང་གི་སྐྱེས་པ་ཞིག་ལ་ལོ་གཅིག་ལྷག་གི་རིང་དཔྱི་མགོ་གཡས་པའི་ལྷུ་ཚིགས་ལ་ཁྲག་མ་བརྒྱུགས་པ་དང་དཔྱི་མགོའི་ལྷུ་ཚིགས་འགུལ་མ་ཐུབ་པར་ན་ཟུག་སྡང་།།

ཕྱི་ཟླ་༥་པའི་ཚེས་༡༤་ཉིན་སྐྱེས་པ་དེར་སྨན་ཁང་དུ་གཤག་བཅོས་བྱས་ནས་དཔྱི་མགོ་ཧྲིལ་པོ་བརྗེ་པོ་སློག ཨ་རུ་ན་ཅལ་དུས་བབ་ཚགས་པར་གྱིས་དཔྱི་མགོ་ཆ་ཚང་བརྗེ་པོ་སློག་པའི་གཤག་བཅོས་ནི་ལག་རྩལ་ཁྱད་དུ་འཕགས་པ་ཞིག་དགོས་པའི་སྨན་བཅོས་ཤིག་རེད། སྨན་པ་དྷུ་ཁམ་མ་གུ་དང་སྨན་བཅོས་རུ་ཁག་གིས་མིའི་དཔྱི་མགོ་གཅིག་པུ་མ་ཡིན་པར་ཉྭ་རུས་ཆ་ཚང་དང་རྗེ་ངར། རུས་པའི་གས་ཆག་རྣམས་ཚུལ་བཞིན་འབྱར་མ་ཐུབ་པར་ན་ཟུག་ལྡང་བའམ། ཡང་ན་རུས་སྦྱོར་འཁྱོག་ཡོད་པ་རྣམས་ཡོ་བསྲང་གི་གཤག་བཅོས་བྱེད་ཀྱི་ཡོད་པ་དེ་ལའང་གྲུབ་འབྲས་གཟེངས་སུ་མཐོ་བ་ཐོན་ཡོད་པ་རེད་ཅེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར།།

སྨན་པ་དྷུ་ཁམ་མ་གུས་གསར་འགོད་པར་རྟ་དབང་ཁུལ་དུ་བཅོས་ཐབས་ཡོད་པའི་རུས་ནད་རིགས་ཕོག་ཡོད་པའི་སྐྱེ་བོ་མང་དག་ཅིག་འདུག མི་ཚོས་རུས་པའི་ནད་རིགས་ཤིག་ཡིན་ན་བཅོས་ཐབས་ཡོད་རྒྱུ་མ་རེད་བསམ་གྱི་ཡོད་པ་རེད། ཁོ་ཚོ་སྨན་ཁང་དུ་བརྟག་དཔྱད་དང་བསྟེན་ཐུག་བྱེད་དུ་ཡོང་དགོས་ཞེས་ནན་བརྗོད་བྱས་འདུག དེ་རིང་གཟའ་མིག་དམར་ཉིན་ཨ་སམ་བྱ་ར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དཔྱི་མགོ་ཆ་ཚང་བརྗེ་ཚབ་ཀྱི་གཤག་བཅོས་ནི་སྒྲུབ་དཀའ་བ་དང་མངོན་པར་བསྟོད་འོས་པའི་གྲུབ་འབྲས་ཤིག་རེད་ཅེས་བསྔགས་བརྗོད་ཀྱི་གནས་ཚུལ་སྤེལ། དེ་བཞིན་རྒྱ་གར་ཤར་ཕྱོགས་ཀྱི་གསར་འགྱུར་ལས་ཁང་མང་ཆེ་བས་མོན་རྟ་དབང་རྫོང་གི་མཁའ་འགྲོ་འགྲོ་བ་བཟང་མོ་སྨན་ཁང་དུ་ནད་པ་ཞིག་གི་དཔྱི་མགོ་ཆ་ཚང་བརྗེ་ཚབ་ཀྱི་གཤག་བཅོས་བྱས་པར་གྲུབ་འབྲས་ཐོན་པའི་གསར་འགྱུར་སྤེལ་འདུག

XS
SM
MD
LG