ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཕུ་ཊིན་གྱིས་དམག་སྐུལ་བྱས་པའི་རྗེས་སུ་དམག་མི་འབུམ་༢་བསྡུས། 


༄༅།། ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོས་གུས་སྲིད་འཛིན་ཕུ་ཊིན་གྱིས་དམག་སྐུལ་བཀའ་རྒྱ་བསྒྲགས་ནས་བཟུང་སྟེ་དམག་མི་གསར་པ་འབུམ་༢་ལྷག་བསྡུས་པ་ཡིན་ཞེས་བསྒྲགས། ཕྱི་ཟླ་༡༠་པའི་ཚེས་༤་ཉིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱས་པའི་རྗེས་སུ་སྐྱེས་པ་འབུམ་༤་ལྷག་ཕྱིའི་རྒྱལ་ཁབ་ཁག་ཏུ་བྲོས་ནས་དམག་ཁྲལ་ལ་གཡོལ་ཐབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག འདི་ནི་ཨུ་རུ་སུའི་གཞུང་གིས་དམག་མི་གསར་པ་བསྡུས་པ་ལས་ཀྱང་དམག་ཁྲལ་རྒྱུག་དགོས་པའི་སྐྱེས་པ་ལྡབ་གཉིས་ཕྱི་རྒྱལ་ལ་བྲོས་ཡོད་ཅིང་། ད་ལྟའི་བར་དུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁ་ཛཀ་སི་ཐན་གཅིག་པུར་ཨུ་རུ་སུའི་སྐྱེས་པ་འབུམ་༢་ལྷག་དང་ཕྱི་ཟླ་༩་པའི་ཚེས་༢༡་ནས་ཚེས་༣༠་བར་དུ་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་འཇོར་ཇཱི་ཡར་མི་༦༩༠༠༠་ལྷག་བྲོས། ཕྱི་ཟླ་༡༠་པའི་ཚེས་༢་བར་དུ་སོག་ཡུལ་ལ་ཨུ་རུ་སུའི་སྐྱེས་པ་༡༢༠༠༠་ལྷག་འབྱོར། བདུན་ཕྲག་སྔོན་མར་ཡུ་རོབ་མཉམ་འབྲེལ་གྱིས་རང་གི་མངའ་ཁོངས་རྒྱལ་ཁབ་ཁག་ལ་ཕྱི་ཟླ་༩་པའི་མཐའ་མཇུག་གི་བདུན་ཕྲག་དེའི་ནང་དུ་ཨུ་རུ་སུའི་སྐྱེས་པ་དམག་ཁྲལ་གཡོལ་མཁན་༦༦༠༠༠་འབྱོར་འདུག་ཅེས་གྲངས་ཐོ་སྤེལ། ཕྱི་ཟླ་༩་པའི་ཚེས་༢༦་ནས་ཕྱི་ཟླ་༡༠་པའི་ཚེས་༣་བར་དུ་ཧྥིན་ལན་ཌིར་ཨུ་རུ་སུའི་སྐྱེས་པ་༣༠༠༠༠་ལྷག་བཙན་བྱོལ་དུ་བསླེབས། དུས་ཡུན་དེའི་རིང་ཧྥིན་ལན་ཌིར་ཨུ་རུ་སུའི་སྤྱི་དམངས་༡༨༠༠༠་ཡུལ་སྐོར་སྤྲོ་འཆམ་དུ་བསླེབས་པ་རྣམས་རང་ཡུལ་དུ་ཕྱིར་ལོག་བྱས་འདུག་ཅེས་གསལ་བསྒྲགས་སྤེལ། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་ཧྥི་ལན་ཌིའི་གཞུང་གིས་ཨུ་རུ་སུའི་ཡུལ་སྐོར་སྤྲོ་འཆམ་པའི་གྲངས་འབོར་ཚོད་འཛིན་ནན་པོ་བྱ་རྒྱུ་འགོ་ཚུགས། ཡུ་རོབ་མཉམ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་ཨུ་རུ་སུར་ས་མཚམས་སྒོ་བརྒྱབ་ནས་འགྲུལ་པ་བཀག་ཀྱང་ཧྥི་ལིན་ཌི་གཅིག་པུས་ས་མཚམས་སྒོ་བརྒྱབ་མེད་པའི་གནས་ཚུལ་ཐོན་འདུག

ད་དུང་ཨུ་རུ་སུའི་དམག་ཁྲལ་རྒྱག་དགོས་པའི་སྐྱེས་པ་ཇི་སྙེད་ཅིག་ཐོངས་མཆན་ཞུ་མི་དགོས་པའི་རྒྱལ་ཁབ་ཏུར་ཀི་དང་ཨར་མཱི་ཎི་ཡ། ཨ་ཛར་བྷ་ཇེན་དང་ཨུ་ཛི་བྷེ་ཀི་སི་ཐན། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སར་བྷི་ཡ་དང་དཀྱིལ་ཤར་ས་ཁུལ་གྱི་ཨ་རབ་ཚོ་ཤོག་མནའ་འབྲེལ་རྒྱལ་ཁབ་སོགས་ལ་བྲོས། ཐ་ན་ཨུ་རུ་སུའི་སྐྱེས་པ་རྣམས་གོ་ལའི་བྱང་སྣེ་རུ་ཆགས་པའི་ནོར་ཝེའི་མངའ་ཁོངས་སུ་སིམ་འཛུལ་བྱས་ནས་ཡུ་རོབ་རྒྱལ་ཁབ་ཁག་ཏུ་ཐར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག འདས་པའི་ཟླ་བ་༧་གྱི་རིང་ཕུ་ཊིན་གྱིས་ཨུ་རུ་སུའི་མཐའ་འཁོབ་ཀྱི་ཌ་གྷེ་སི་ཐན་དང་ཆེ་ཆི་ཎི་ཡ་སོགས་ཀྱི་ཁ་ཆེ། བྷུ་རི་ཡ་ཐེ་དང་ཀལ་མུག ཐུ་བ་སོགས་ཀྱི་ནང་པའི་ས་ཁུལ་ཁག་གི་གྲངས་ཉུང་མི་རིགས་ཁག་དང་ཨུ་རུ་སུའི་མི་མང་དབུལ་ཕོངས་རྣམས་དམག་ལ་བཀོལ། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་སོགས་གྲོང་ཁྱེར་ཁག་གི་མི་རིགས་དཀར་པོ་དང་འབྱོར་ལྡན་པ་ཚོར་ཡུཀ་རེན་གྱི་དམག་འཁྲུག་དེ་རྒྱང་ཐག་རིང་པོ། དམག་འཁྲུག་དེ་རང་གི་ཉིན་རེའི་འཚོ་བ་དང་ཁྱིམ་ཚང་ལ་འབྲེལ་བ་མེད་པ་ལྟར་དུ་སྣང་། ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱས་པའི་རྗེས་སུ་ཡུཀ་རེན་གྱི་དམག་འཁྲུག་དེ་ཨུ་རུ་སུའི་མི་དམངས་ཀྱི་འཚོ་བར་དངོས་སུ་འབྲེལ་བ་ཡོད་པ་ཞིག་ཏུ་གྱུར། དེར་བརྟེན་དམག་ཁྲལ་རྒྱུག་དགོས་པའི་ཨུ་རུ་སུའི་སྐྱེས་པ་འབུམ་ཕྲག་འགའ་ཞིག་དམག་འཁྲུག་ལ་གཡོལ་བར་ཕྱི་རྒྱལ་དུ་བྲོས། ད་ཐེངས་ཀྱི་དམག་སྐུལ་ཁོངས་སུ་ཨུ་རུ་སུའི་གཞུང་གིས་ནད་པ་དང་རྒན་རྒོན་རྣམས་དམག་ཁྲལ་རྒྱུག་མི་དགོས་ཞེས་ཐག་བཅད་ཡོད་པ་རྣམས་ཀྱང་བསྡུས། ཨུ་རུ་སུའི་ཞིང་ཆེན་ཁག་ཅིག་གིས་ལོ་༡༨་མ་སོན་པ་རྣམས་དམག་ཁོངས་སུ་བསྡུས་པ་དང་དམག་མི་དེ་རྣམས་དམག་ས་ཁག་ནས་རང་ཡུལ་དུ་ཕྱིར་སློག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་༡༠་པའི་ཚེས་༥་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཨུ་རུ་སུའི་དམག་ཁྲལ་ལ་གཡོལ་བའི་སྐྱེས་པ་ཁྲི་ཚོ་མང་པོ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཀིར་ཀི་སི་ཐན་དུ་འབྱོར་ཏེ་རྒྱས་སྤྲོས་ཀྱི་མགྲོན་ཁང་ནས་གནས་ཚང་ཐེབས་ཆག་བར་གྱི་ཁང་གླ་རྣམས་གནམ་ལ་འཕར། ཀིར་ཀི་སི་ཐན་སོགས་ལ་བཙན་བྱོལ་དུ་འབྱོར་བའི་ཨུ་རུ་སུའི་སྐྱེས་པ་དེ་དག་གི་གྲས་སུ་རྒྱལ་ས་མོ་སི་ཀོ་དང་རྒྱང་ཤར་མངའ་ཁུལ་གྱི་ཝ་ལ་ཌི་ཝོ་སི་ཊོཀ་གྲོང་ཁྱེར་སོགས་ཀྱི་ན་གཞོན་ཆེད་ལས་པ་དང་འཕྲུལ་རིག་ལག་རྩལ་བ། ཚན་རིག་པ་དང་སྒྱུ་རྩལ་བ། དཔལ་འབྱོར་དང་ནོར་སྲིད་མཁས་པ། མི་མང་དབུལ་ཕོངས་སོགས་གྲལ་རིམ་སྣ་ཚོགས་ཤིག་འདུས། ཁོ་ཚོ་ཚང་མར་ཐུན་མོང་གི་ལྟ་ཚུལ་ཞིག་ཡོད་པ་ནི་ཕུ་ཊིན་གྱི་དམག་སྐུལ་ལས་ཐར་ཐབས་དང་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་འདོད་མེད་པ་ཡིན་ཞིང་། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ཨུ་རུ་སུའི་སྐྱེས་པ་སྟོང་ཕྲག་མང་པོས་རང་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཕྱི་རྒྱལ་ལ་བསྐྱོད་མགོ་བརྩམས། ཟླ་བ་སྔོན་མར་ཕུ་ཊིན་གྱིས་དམག་སྐུལ་བཀའ་རྒྱ་བསྒྲགས་པའི་རྗེས་སུ་ཨུ་རུ་སུའི་སྐྱེས་པ་དམག་ཁྲལ་རྒྱུག་དགོས་པ་རྣམས་ཆུ་ལོག་བརྡོལ་བ་ལྟར་ཕྱི་རྒྱལ་དུ་བྲོས། ལོ་འདིར་ཨུ་རུ་སུའི་མི་དམངས་རྣམས་ཕྱི་ལ་བྲོས་བྱོལ་དུ་འགྲོ་བཞིན་པ་འདི་འདྲ་ཞིག་༡༩༡༧་ལོར་ཨུ་རུ་སུར་དམར་ཤོག་གི་གསར་བརྗེ་ལངས་པའི་རྗེས་སུ་བྲོས་མྱོང་མེད། ཉམས་ཞིབ་པ་ཚོས་དེང་སྐབས་བཙན་བྱོལ་དུ་འགྲོ་བཞིན་པའི་ཨུ་རུ་སུའི་སྐྱེས་པ་རྣམས་ཡུཀ་རེན་ལྟར་རང་ཡུལ་དུ་བཙན་འཛུལ་བྱུང་ནས་བྲོས་བྱོལ་དུ་འགྲོ་བའམ། ཡང་ན་རང་གི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉམས་ནས་འཚོ་བའི་དཀའ་ངལ་ཕྲད་དེ་རྒྱལ་ཁབ་གཞན་ལ་སྐྱབས་བཅོལ་དུ་འགྲོ་ཡི་ཡོད་པ་ཞིག་མ་རེད། ཁོ་ཚོས་ཕུ་ཊིན་གྱི་སྲིད་ཇུས་ལ་ངོ་རྒོལ་དང་ཡུཀ་རེན་གྱི་དམག་འཁྲུག་ལ་ཞུགས་འདོད་མེད་པར་ཕྱི་རྒྱལ་ལ་བཙན་བྱོལ་དུ་འགྲོ་རྒྱུ་བདམས་པ་རེད་ཅེས་བསྟན།།

ལོ་ན་༢༣་ལ་སོན་པའི་ཨ་ལིཀ་ཛན་ཌར་ཟེར་བའི་རྒྱང་ཤར་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཅིག་གིས་འཐབ་འཁྲུག་འགོ་བཙུགས་པའི་སྐབས་དེར་ང་ཚོས་ཆེད་ལས་དམག་མི་དང་དེ་དག་གི་བཟའ་མི་ཚོར་མ་གཏོགས་ཤུགས་རྐྱེན་ཐེབས་རྒྱུ་མ་རེད་བསམས་བྱུང་། ཡིན་ནའང་ད་ལྟ་དམག་སྐུལ་བྱས་པའི་དུས་སུ་ང་ཚོ་ཚང་མར་ཤུགས་རྐྱེན་ཐེབས་ཀྱི་འདུག ཨུ་རུ་སུའི་རྒྱལ་ནང་དུ་བསྡད་ན་དམག་ཁྲལ་རྒྱག་པའམ། ཡང་ན་བཙོན་ཁང་དུ་འཇུག་རྒྱུའི་གདམ་ཀ་ལས་མི་འདུག་ཅེས་བཀྲལ། ཀིར་ཀི་སི་ཐན་གྱི་རྒྱལ་ས་བྷི་ཤི་ཁེཀ་གྲོང་ཁྱེར་གྱི་ཇ་ཁང་ཁག་ཏུ་ཕུ་ཊིན་ནས་ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་མངའ་འོག་ཏུ་བསྡུས་པ་ཡིན། ས་ཁུལ་དེ་དག་གི་མི་དམངས་རྣམས་གཏན་དུ་ཨུ་རུ་སུའི་སྤྱི་དམངས་སུ་གྱུར་པ་རེད་ཅེས་ཁྱབ་བསྒྲགས་བྱས་པར་སྣང་འཇོག་བྱེད་མཁན་གཅིག་ཀྱང་མེད་པར་མ་ཟད། ལོ་ན་༣༦་ལ་སོན་པ་སར་བྷི་ཡའི་སྒྱུ་རྩལ་བ་དང་ཨུ་རུ་སུའི་སྤྱི་དམངས་ཡུ་རི་ཞེས་པ་ཞིག་གིས་ཕུ་ཊིན་གྱིས་རྟག་ཏུ་རྫུན་བཤད་ཀྱི་རེད་ཅེས་བཀྱོན་ཕབ། ལོ་ན་༢༣་ལ་སོན་པའི་རྩིས་རིག་དགེ་རྒན་ཨེལ་ཌར་ཞེས་པ་ཞིག་གིས་ཨུ་རུ་སུའི་མི་དམངས་ཀྱིས་ཕུ་ཊིན་མ་བཀག་ན་གང་ཅིའི་གནས་སྟངས་སྡུག་ཏུ་འགྲོ་ངེས་རེད། ང་ནི་ཁྲིམས་འགལ་གྱི་དམག་འཁྲུག་འདིར་མཉམ་ཞུགས་བྱེད་འདོད་མེད་པ་དང་རང་གི་མདུན་ལམ་ལ་བསམ་བློ་གཏོང་དགོས་ཀྱི་འདུག་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། སྐུ་ཞབས་ཇཱ་པ་རོབ་ཟེར་བ་ཞིག་གིས་ལོ་ལྟར་ཀིར་ཀི་བ་ས་ཡ་༡་ལྷག་ཨུ་རུ་སུའི་ས་གནས་ཁག་ཏུ་བསྐྱོད་དེ་སྡུག་ལས་བྱེད་ཀྱི་ཡོད་པ་རེད། ད་ལྟ་ཨུ་རུ་སུའི་སྤྱི་དམངས་རྣམས་ཀིར་ཀི་སི་ཐན་དུ་བྲོས་ཡོང་ནས་སྡུག་ལས་བྱེད་དགོས་ཐུག་པ་རེད། འདི་ནི་གྲལ་གོ་ལྡོག་གི་གནས་སྟངས་གསར་པ་ཞིག་ཡིན་པ་དང་ཨུ་རུ་སུའི་སྤྱི་དམངས་རྣམས་འདིར་ཡོང་ནས་ལས་ཀ་འཚོལ་ཆོག ཁོ་ཚོ་རང་ཡུལ་དུ་ཕྱིར་སློག་བྱ་རྒྱུའི་ཉེན་ཀ་འཕྲད་མི་སྲིད་ཅེས་བཤད།།

ཨུ་རུ་སུའི་དམག་མི་གསར་པ་ཚོས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཟས་གོས་གནས་མལ་དང་སྨན་བཅོས་ཀྱི་མཐུན་རྐྱེན་སོགས་ཅི་ཡང་མི་འདུག ང་ཚོར་དམག་སྦྱོང་དང་མཚོན་ཆ་མེད་པར་དམག་སར་གཏོང་གི་འདུག་ཅེས་འཁང་ར་བཤད་ཀྱི་ཡོད་པ་རྣམས་སྤྱི་ཚོགས་དྲྭ་ལམ་དུ་ཁྱབ། ཨུ་རུ་སུའི་དམག་སྦྱོང་དགེ་རྒན་བུད་མེད་ཅིག་གིས་དམག་མི་གསར་པ་ཚོར་དམག་ཆས་དང་མལ་གོས། ལྷམ་སོགས་ཅི་ཡང་སྤྲོད་རྒྱུ་མེད། ཁྱོད་ཚོ་རང་གིས་མཁོ་ཆས་དེ་རྣམས་བསྒྲུབ་དགོས། རྨ་རས་ནི་ཨ་མ་དང་ཆུང་མ། གྲོགས་མོ་དང་གཅེན་མོ་སོགས་ལ་བུད་མེད་ཀྱི་ཟླ་མཚན་འགོག་སྤྱད་སློངས། བུད་མེད་ཀྱི་ཟླ་མཚན་འགོག་སྤྱད་རྨ་ཁའི་ནང་དུ་བརྫངས་ན་སྦེག་སྦེག་ཆགས་ཏེ་ཁྲག་འགོག་ཐུབ་ཅེས་ལམ་སྟོན་བྱེད་ཀྱི་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་བཀྲམ། ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཕུ་ཊིན་གྱིས་དམག་སྦྱོང་མ་སྤྲད་པར་དམག་སར་གཏོང་མི་ཆོག དམག་སྐུལ་གྱི་ལས་དོན་ཁག་ལ་ནོར་འཁྲུལ་འབྱུང་གི་ཡོད་པ་ངེས་པར་དུ་ཡོ་བསྲང་བྱ་དགོས། ལོ་ན་མ་སོན་པར་དམག་ཁོངས་སུ་བསྡུས་པ་རྣམས་མྱུར་དུ་རང་ཁྱིམ་ལ་ཕྱིར་སློག་བྱ་དགོས་ཞེས་བཀའ་ཕབ། དེ་རིང་གཟའ་ལྷག་པའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གྲོས་ཚོགས་གོང་འོག་གཉིས་ཀས་ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡུས་པ་ཡིན་ཞེས་གྲོས་ཆོད་བཞག ཕུ་ཊིན་ནས་རྒྱལ་ཡོངས་གྲོས་ཚོགས་ཀྱིས་གཏན་ལ་ཕབ་པའི་ཁྲིམས་ཡིག་དེར་མིང་རྟགས་བཀོད། ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཞི་དངོས་སུ་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་ཀྱང་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་དྲག་པོ་བྱས་ནས་ཨུ་རུ་སུའི་དམག་དཔུང་རྣམས་མཐར་བསྐྲད། ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་ཨུ་རུ་སུ་དང་ཡུཀ་རེན་གྱི་ས་མཚམས་གསར་པ་དེ་གང་དུ་ངོས་འཛིན་བྱེད་དགོས་མིན་ཤེས་ཀྱི་མི་འདུག་ཅེས་བཤད་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG