ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཡུཀ་རེན་གྱི་ས་ཁུལ་བཞིས་ཨུ་རུ་སུར་ཟླ་སྒྲིལ་བྱ་རྒྱུའི་འོས་ཤོག་འཕངས།


༄༅།། ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིར་གཡོ་ཁྲམ་གྱི་མང་མོས་འོས་བསྡུ་ཞིག་བྱས་ཤིང་། ཕྱི་ཟླ་༩་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་གྱི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་ས་ཁུལ་བཞི་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་མང་མོས་འོས་ཤོག་འཕངས། ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོས་འོས་ཤོག་གྲངས་བཤེར་ཟིན་པའི་གྲུབ་འབྲས་ལ་གཞིགས་ན་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིའི་མི་མང་བརྒྱ་ཆ་༨༧་ནས་བརྒྱ་ཆ་༩༩.༢་ཡས་མས་ཤིག་གིས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་འོས་ཤོག་འཕངས་འདུག་ཅེས་གླེང་། ཨུ་རུ་སུའི་གྲོས་ཚོགས་གོང་མའི་ཚོགས་གཙོས་ཕྱི་ཟླ་༡༠་པའི་ཚེས་༤་ཉིན་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ས་ཁུལ་དེ་དག་དངོས་སུ་ཟླ་སྒྲིལ་བྱ་རྒྱུའི་གྲོས་སྡུར་བྱེད་སྲིད་ཅེས་གསལ་བསྒྲགས་སྤེལ། རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནངས་ཉིན་གཟའ་པ་སངས་ཏེ། ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྒྱལ་ཡོངས་གྲོས་ཚོགས་གོང་འོག་གཉིས་ཀར་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིའི་མང་ཚོགས་ཀྱིས་འོས་ཤོག་འཕངས་པ་ལྟར་ས་ཁུལ་དེ་དག་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་དགོས་ཞེས་གཏམ་བཤད་བྱ་འཆར་ཡོད་པའི་གནས་ཚུལ་སྤེལ་འདུག ཨུ་རུ་སུའི་སྲིད་འཛིན་ཟུར་པ་དང་བདེ་འཇགས་ལྷན་ཁང་གི་འགོ་ཁྲིད་གཞོན་པ་མེ་ཌི་ཝེ་ཌེབ་ཀྱིས་འོས་བསྡུའི་གྲུབ་འབྲས་ནི་ཧ་ཅང་གསལ་པོ་རེད། ས་གནས་དེ་དག་མེས་རྒྱལ་གྱི་པང་དུ་ལོག་ཡོང་བར་དགའ་བསུ་ཞུ་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་རུ་སུས་བྲེལ་འཚུབ་ཀྱིས་ཉི་མ་ལྔར་གཡོ་ཁྲམ་གྱི་མང་མོས་འོས་བསྡུ་ཞིག་བྱས་པའི་ས་གནས་དེ་དག་གིས་ཡུཀ་རེན་གྱི་ས་ཁྱོན་བརྒྱ་ཆ་༡༥་ཟིན། བདུན་ཕྲག་སྔོན་མར་ཕུ་ཊིན་གྱིས་ཨུ་རུ་སུའི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པར་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་དགོད་བྲོ་བའི་མང་མོས་འོས་བསྡུ་ཟེར་བ་དེ་ནི་འོས་བསྡུའི་ལད་ཟློས་ཤིག་ཀྱང་མ་རེད། ཡུཀ་རེན་བ་སུ་ཞིག་གིས་ཨུ་རུ་སུར་མཉམ་འབྲེལ་བྱས་ནས་མང་མོས་འོས་བསྡུ་དེར་རྒྱབ་སྐྱོར་བྱས་ཡོད་ཚེ། མ་འོངས་པར་ཡུཀ་རེན་གྱི་ཁྲིམས་ལུགས་ལྟར་རྒྱལ་ཚོང་བའི་ནག་ཉེས་ཐོག་ཏུ་ཉུང་མཐར་ཡང་ལོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན། བཙན་དྲག་འོག་ཏུ་འོས་ཤོག་འཕེན་དགོས་བྱུང་བ་ཚོར་ཁྲིམས་གཅོད་བྱ་རྒྱུ་མིན་ཞེས་བསྒྲགས། ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིའི་སློབ་སྟོན་པ་པཱོ་དོ་ལི་ཡག་གིས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་ལ་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆའི་སྡིགས་ར་བསྐུལ་ཡང་ང་ཚོ་སྐྲག་གི་མེད། མང་མོས་འོས་བསྡུས་བྱས་ཀྱང་ཡུཀ་རེན་གྱིས་ཕར་རྒོལ་དཔུང་འཇུག་བྱེད་ཀྱི་ཡོད་པ་འགོག་མི་ཐུབ། ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཡུཀ་རེན་གྱི་ས་ཆ་རྣམས་ཕྱིར་ལེན་བྱེད་ཀྱི་ཡོད་པ་མུ་མཐུད་དུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཕུ་ཊིན་གྱི་སེམས་སུ་ཡུཀ་རེན་གྱི་ས་ཁུལ་དེ་དག་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་ན་ཡུཀ་རེན་གྱིས་དཔུང་འཇུག་བྱེད་མི་ཕོད། དེ་ནི་ཨུ་རུ་སུར་གཏོར་རྒོལ་བྱས་པར་འགྱུར་རྒྱུ་དང་ཡུཀ་རེན་གྱིས་རང་ཚོད་འཛིན་དགོས་ཐུག་གི་རེད་བསམ་གྱི་ཡོད་སྲིད། ཡིན་ནའང་ང་ཚོས་རང་ས་ཕྱིར་ལེན་བྱ་རྒྱུའི་དམིགས་ཡུལ་འདོར་མི་སྲིད་ཅེས་ནན་བརྗོད་བྱས་འདུག སྲིད་འཛིན་ཛེ་ལན་སི་ཀིས་ང་ཚོར་ཤར་ཕྱོགས་ཀྱི་ཌོ་ནེ་ཛིཀ་ས་གནས་དེ་གནད་འགག་ཆེན་པོ་ཡིན་པ་ལྟར་ཨུ་རུ་སུ་ལའང་གནད་འགག་ཆེན་པོ་ཡིན་ཤས་ཆེ། ང་ཚོས་གྲོང་རྡལ་རེ་རེ་བཞིན་འཐབ་འཁྲུག་བརྒྱབ་ནས་ཕྱིར་ལེན་བྱ་རྒྱུ་ཡིན་ཞེས་བཤད། ཟླ་བ་འདིར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ཁར་ཀིབ་ཞིང་ཆེན་བཅིངས་འགྲོལ་བཏང་ནས་བཟུང་། འདས་པའི་གཟའ་འཁོར་འགའ་ཞིག་གི་ནང་དུ་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་དྲག་པོ་བྱས་ནས་དམག་འཁྲུག་གི་མགོ་སྟོད་དེར་ཨུ་རུ་སུའི་དམག་གིས་ཕྲོགས་པའི་ས་ཆ་རྣམས་ཐག་སྣེ་ཤོར་བ་ལྟར་གཅིག་རྗེས་གཅིག་མཐུད་དུ་ཡུཀ་རེན་ལ་ཐོབ།།

ཨ་མི་རི་ཀས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་ལ་ཨུ་རུ་སུའི་གཡོ་ཁྲམ་གྱི་མང་མོས་འོས་བསྡུ་དེའི་གྲུབ་འབྲས་ལ་ངོས་ལེན་མི་བྱེད་པ་དང་ཨུ་རུ་སུའི་དམག་དཔུང་ཡུཀ་རེན་ནས་ཕྱིར་འཐེན་བྱ་དགོས་ཞེས་གྲོས་ཆོད་འཇོག་ཏུ་འཇུག་འཆར་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨ་རིའི་རྒྱུན་བཞུགས་སྐུ་ཚབ་ཀྱིས་ཨུ་རུ་སུའི་གཡོ་ཁྲམ་གྱི་འོས་བསྡུ་དེའི་གྲུབ་འབྲས་ལ་ངོས་ལེན་བྱས་ན་དཀའ་རྙོག་གི་སྒོ་མོ་ཕྱེ་སྟེ་གཏན་ནས་འགོག་མི་ཐུབ་པ་ཞིག་ཏུ་འགྱུར་ངེས་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་གནད་དོན་དེར་གྲོས་སྡུར་བྱ་དགོས་ཞེས་གྲོས་གཞི་བཏོན། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་དབྱིན་ཇིའི་སྐུ་ཚབ་གཞོན་པས་མིའི་མགོ་ལ་མེ་མདའ་བཙུགས་ནས་མང་མོས་འོས་བསྡུ་བྱེད་དུ་བཅུག་ཡོད་པས་ནམ་ཡང་དྲང་སྙོམས་ཤིག་འབྱུང་མི་སྲིད་ཅེས་འོས་བསྡུའི་གྲུབ་འབྲས་ལ་དགག་པ་བརྒྱབ། རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་རྡུལ་ཕྲན་མཚོན་ཆས་སྡིགས་ར་སྐུལ་བཞིན་པ་ནི་འུ་ཐུག་ཐབས་ཟད་དང་ཕམ་ཉེས་ཚབས་ཆེན་འབྱུང་གི་ཡོད་པ་རྟགས་མཚན་རེད། ཁོ་པས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་དམག་དོན་དང་ཕྱི་འབྲེལ། དཔལ་འབྱོར་དང་གསང་བའི་གནས་ཚུལ་མཁོ་སྤྲོད་སོགས་ཀྱི་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བཀྲལ། མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་ཨུ་རུ་སུའི་སྐུ་ཚབ་ཀྱིས་འོས་བསྡུ་དེ་ཕྱི་གསལ་ནང་གསལ་ཡིན་པ་དང་དྲང་སྙོམས་ཤིག་བྱུང་ཡོད། ཡུཀ་རེན་གྱི་གཞུང་གིས་སོ་སོའི་ནོར་འཁྲུལ་ངོས་མི་ཟིན་པ་དང་མི་དམངས་ཀྱི་ཁེ་ཕན་མི་སྒྲུབ་པར་གཞན་གྱི་བཀོད་ཇུས་འོག་ཏུ་ཞར་མཆོང་བྱེད་ན་མང་མོས་འོས་བསྡུ་མུ་མཐུད་དུ་བྱེད་ཀྱི་ཡིན་ཞེས་ཁ་ཤོམ་འཐེན། ཨུ་རུ་སུས་མང་མོས་འོས་བསྡུ་བྱས་པའི་ཡུཀ་རེན་གྱི་ས་ཁུལ་བཞིའི་མངའ་ཁོངས་ཧྲིལ་པོ་ཁ་བྲལ་གྱེན་ལོག་པའམ། ཡང་ན་ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་མེད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་བཙན་བཟུང་འོག་གི་ས་གནས་དེ་དག་གི་འོས་བསྡུའི་ལས་མི་ཚོས་ཁྱིམ་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་འོས་ཤོག་འཕེན་དུ་བཅུག ཡུཀ་རེན་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འོས་བསྡུ་དེ་ཁྲིམས་འགལ་རེད། ཡུཀ་རེན་གྱི་ས་ཆ་ཧམ་འཕྲོག་བྱ་རྒྱུའི་ཀུན་སློང་འབའ་ཞིག་རེད་ཅེས་སྐྱོན་བརྗོད་བྱས་ཤིང་། ཕྱི་ཟླ་༩་པའི་ཚེས་༢༨་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་བྲལ་གྱེན་ལོག་ས་ཁུལ་ཁག་གི་ཡུཀ་རེན་བ་ཚོས་མང་མོས་འོས་བསྡུ་དེར་གཏན་ནས་འོས་ཤོག་འཕེན་འདོད་མེད་པར་མ་ཟད། ས་གནས་དེ་དག་ནས་བྲོས་བྱོལ་དུ་འགྲོ་དགོས་བསམས་ཀྱང་ལམ་བཀག་སྟེ་མ་ཐར། ཛ་པོ་རི་ཤི་ཡ་མངའ་ཁུལ་གྱི་སྐྱེས་པ་ལོ་༡༨་ནས་༣༥་མན་ཆད་རྣམས་ཕྱི་ལ་བསྐྱོད་མི་ཆོག་ཅེས་བཀག ལུ་ཧན་ཛིཀ་མངའ་ཁུལ་དུ་བཀྲམ་ཡོད་པའི་ཡུཀ་རེན་གྱི་དམག་དོན་ལྷན་ཁང་གི་འགན་འཛིན་སེར་ཧི་ཧེ་དྷེས་བཤད་པ་ལྟར་ན། ཨུ་རུ་སུའི་འོས་བསྡུ་ལས་སྣེ་ཚོའི་མཉམ་དུ་མེ་མདའ་ཐོགས་པའི་དམག་མི་གཉིས་རེ་འདུག ཁོ་ཚོས་མེ་མདའ་བཙུགས་ནས་མི་ལ་འོས་ཤོག་འཕེན་དུ་བཅུག་པ་དང་མི་ཞིག་གིས་ཨུ་རུ་སུར་ཟླ་སྒྲིལ་བྱ་རྒྱུ་མིན་ཞེས་རྟགས་བརྒྱབ་ན་ཐོ་རྒྱག་གི་འདུག་ཟེར། ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་མིན་ཞེས་འོས་འཕངས་པ་རྣམས་འཛིན་བཟུང་བྱེད་ཀྱི་ཡོད་པའི་སྐད་ཆ་ཞིག་ཀྱང་གོ་རྒྱུ་འདུག ས་གནས་དེ་དག་གི་མི་དམངས་ལ་བསམ་བཞིན་འཇིགས་སྣང་བསྐུལ་ནས་འོས་ཤོག་འཕེན་དུ་བཅུག་པ་གསལ་པོ་རེད་ཅེས་བསྟན། ཡུཀ་རེན་གྱི་ཤར་ཕྱོགས་སུ་ཆགས་པའི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་ཀྱི་མི་མང་བརྒྱ་ཆ་༡༨་ཀྱིས་ཨུ་རུ་སུ་དང་ཡུཀ་རེན་གཉིས་རྒྱལ་ཁབ་གཅིག་ཡིན་པའི་འདུ་ཤེས་བཟུང་། ཡུཀ་རེན་གྱི་ལྷོ་ཕྱོགས་སུ་ཆགས་པའི་ཛ་པོ་རི་ཤི་ཡ་དང་ཁར་སན་ས་གནས་ཀྱི་མི་མང་བརྒྱ་ཆ་༡༦་གིས་ཨུ་རུ་སུར་དང་ཡུཀ་རེན་གཉིས་རྒྱལ་ཁབ་གཅིག་ཡིན་པའི་འདུ་ཤེས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་འཁོར་སྔོན་མ་ནས་ཨུ་རུ་སུའི་སྐྱེས་པ་འབུམ་ཕྲག་མང་པོས་ཕུ་ཊིན་གྱི་དམག་སྐུལ་བཀའ་རྒྱར་བརྩི་མེད་བཏང་ནས་ཕྱི་ལོགས་སུ་བྲོས། ད་ལྟའི་བར་དུ་འཇོར་ཇཱི་ཡའི་ས་ཐོག་ཏུ་ཨུ་རུ་སུའི་སྐྱེས་པ་འབུམ་༡་ལྷག་དང་ཁ་ཛཀ་སི་ཐན་ལ་ཨུ་རུ་སུའི་སྐེས་པ་འབུམ་༡་ཡས་མས་ཤིག་འབྱོར། ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སིར་བྷི་ཡར་ཨུ་རུ་སུའི་སྐྱེས་པ་ཁྲི་ཚོ་༥་ལྷག་དང་ཧྥིན་ལན་ཌིར་མི་ཁྲི་ཚོ་༡་ལྷག ད་དུང་སོག་ཡུལ་དང་ཨུ་ཛི་བྷེ་ཀི་སི་ཐན། ནོར་ཝེ་དང་ཏུར་ཀི་བཅས་སུ་ཨུ་རུ་སུའི་དམག་སྐུལ་ལ་ཞུགས་དགོས་པའི་སྐྱེས་པ་ཁྲི་ཚོ་མང་པོ་བྲོས་བྱོལ་དུ་སོང་། དེང་སྐབས་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་ནི་སྔར་ལས་ལྷག་པར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་། ཁོ་པས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིར་མང་མོས་འོས་བསྡུ་བྱས་ནས་ས་ཆ་དེ་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་བསྡུ་ཐབས་བྱེད་ཀྱི་ཡོད་ཀྱང་ཡུཀ་རེན་གྱི་དམག་གིས་དཔུང་འཇུག་བྱས་ནས་མདུན་སྐྱོད་བྱེད་ཀྱི་ཡོད་པ་འགོག་དཀའ་བ་ཞིག་ཏུ་གྱུར། ཨ་མི་རི་ཀས་སླར་ཡང་ཡུཀ་རེན་ལ་ཧི་མར་སི་མེ་སྒྱོགས་དང་མདེའུ། ཁ་ལོ་མ་མེད་པའི་འཕུར་གྲུ་གཏོང་སྤྱད་མཚོན་ཆ། ཨུ་རུ་སུའི་གནམ་གྲུ་མྱུལ་ཞིབ་བྱེད་པའི་རེ་ཌར་འཕྲུལ་ཆས་དང་མཚོན་ཆའི་ལྷུ་ལག་རྣམས་རོགས་སྐྱོར། ཡུཀ་རེན་གྱི་དམག་ལ་སྦྱོང་བརྡར་དང་འཐབ་ཇུས་ཐོག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཞིང་། ཝ་ཤིང་ཊོན་དུ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་པ་ཨན་ཊོ་ནོབ་ཀྱིས་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱིས་ཡུཀ་རེན་ལ་སྤྲད་པའི་འཕུར་མདེལ་གྱིས་ཌོ་ནེ་ཛིཀ་ས་གནས་ཀྱི་གྲོང་རྡལ་༧་དང་ཛ་པོ་རི་ཤི་ཡའི་གྲོང་རྡལ་༢༠་ཐམ་པ། ཁར་སན་ས་ཁུལ་གྱི་གྲོང་རྡལ་༣༥་ལ་གཏོར་རྒོལ་བྱས་ནས་བུད་མེད་དང་ཕྲུ་གུ་སོགས་དམར་གསོད་བྱས་སོང་ཞེས་སྐྱོན་འཛུགས་བྱས་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG