ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཨུ་རུ་སུ་རྒྱལ་ཡོངས་སུ་ཕུ་ཊིན་གྱི་དམག་སྐུལ་བཀའ་རྒྱར་ངོ་རྒོལ།


༄༅།། ཕྱི་ཟླ་༩་པའི་ཚེས་༢༡་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱ་རྒྱུའི་བཀའ་རྒྱ་བསྒྲགས། ཕྱི་ཟླ་༩་པའི་ཚེས་༢༤་ཉིན་ཕུ་ཊིན་གྱིས་དམག་ཁྲིམས་ལ་འགྱུར་བཅོས་བཏང་སྟེ་སུ་ཞིག་གིས་དགྲ་བོར་མགོ་སྒུར་པ་དང་དམག་ས་ནས་བྲོས་པ། དམག་སྐུལ་གྱི་བཀའ་རྒྱར་དང་ལེན་མ་བྱས་ན་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་རྒྱུ་ཡིན་ཞེས་ཁྲིམས་ཡིག་དེར་མིང་རྟགས་བཀོད། འདས་པའི་ཉིན་ཤས་རིང་ཨུ་རུ་སུ་རྒྱལ་ཡོངས་སུ་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱས་ནས་མི་༢༣༥༠་ལྷག་འཛིན་བཟུང་། ཨུ་རུ་སུའི་གྲོང་ཁྱེར་ཁག་གི་སྐྱེས་པ་ཁྲི་ཚོ་མང་པོ་དམག་སྐུལ་གཡོལ་བར་ཕྱི་རྒྱལ་ལ་བྲོས། སྔོན་ཆད་ཨུ་རུ་སུའི་གྲངས་ཉུང་མི་རིགས་ཁག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱེད་ཕོད་ཀྱི་མེད་ཀྱང་གཟའ་མཇུག་འདིར་གྲངས་ཉུང་མི་རིག་ཁག་གིས་ཀྱང་ཕུ་ཊིན་གྱི་དམག་སྐུལ་དེ་དྲང་སྙོམས་མ་རེད། ཨུ་རུ་སུའི་གྲངས་ཉུང་མི་རིགས་ཁག་དམག་སྐུལ་ཁོངས་སུ་མང་བ་བསྡུ་ཡི་འདུག་ཅེས་ངོ་རྒོལ་བྱ་རྒྱུ་མགོ་བརྩམས། ཕྱི་ཟླ་༩་པའི་ཚེས་༢༦་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་ཌ་གྷེ་སི་ཐན་ཞིང་ཆེན་གྱི་ཁ་ཆེ་ཚོས་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱས་ནས་ཉེན་རྟོག་པ་རྣམས་མཐའ་བསྐོར། དམག་སྐུལ་ལ་ངོ་རྒོལ་བྱེད་མཁན་རྣམས་འཛིན་བཟུང་བྱེད་དུ་བཅུག་མེད་པའི་གནས་ཚུལ་ཐོན། ཌ་གྷེ་སི་ཐན་གྱི་རྒྱལ་ས་མ་ཀཱ་ཆག་ལཱ་གྲོང་ཁྱེར་དུ་ཁ་ཆེའི་བུད་མེད་ཚོས་ཁྱེད་ཚོས་ཅིའི་ཕྱིར་ང་ཚོའི་བུ་རྣམས་འཁྲིད་ཀྱི་ཡོད། སུས་བཙན་འཛུལ་བྱེད་ཀྱི་འདུག ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་རེད། དམག་འཁྲུག་རྒྱག་མི་དགོས་ཞེས་སྐད་འབོད་བྱས་པ་དང་ཉེན་རྟོག་པས་ངོ་རྒོལ་ཁྲོམ་སྐོར་འགོག་མ་ཐུབ་པར་གྱུར། དེ་བཞིན་བྷུ་རི་ཡ་ཐེ་སྤྱི་མཐུན་ས་གནས་ཀྱི་ནང་པ་ཚོས་ཀྱང་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱས་ནས་མངའ་ཁུལ་དེའི་སྤྱི་ཁྱབ་ཨ་ལེཀ་སེ་ཚེ་བརྟན་ནོར་བུས་དམག་ཁོངས་སུ་ཞུགས་མྱོང་མེད་པ་དང་ནད་པ་ཚོ་དམག་ཁྲལ་རྒྱུག་མི་དགོས་པ་ཞེས་བཀྲལ། བྷུ་རི་ཡ་རང་དབང་ཐེབས་རྩ་ཁང་གི་འགན་འཛིན་ཀརྨ་ཞ་པོ་ཝ་ཞེས་པ་ཞིག་གིས་ཕུ་ཊིན་གྱི་དམག་སྐུལ་བཀའ་རྒྱ་བསྒྲགས་པའི་དགོང་མོ་དེར་བྷུ་རི་ཡའི་སྐྱེས་པ་༤༠༠༠་ནས་༥༠༠༠་ཡས་མས་ཤིག་ལ་དམག་ཁོངས་སུ་ཞུགས་དགོས་པའི་བཀའ་ཡིག་འབྱོར་འདུག་ཅེས་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད། བྷུ་རི་ཡའི་སྐྱེས་པ་མིང་འདོན་མ་བྱས་པ་ཞིག་གིས་ང་ཚོའི་ཨོ་རོང་གོ་ཨི་གྲོང་ཚོར་མི་གྲངས་༡༧༠༠་ལས་མེད། གྲོང་ཚོ་དེའི་སྐྱེས་པ་༡༠༦་དམག་ལ་འགྲོ་དགོས་བྱུང་སོང་ཞེས་སྡུག་སྐད་བརྒྱབ།།

བྷུ་རི་ཡ་རང་དབང་ཐེབས་རྩ་ཁང་གི་འགན་འཛིན་ཀརྨ་ཞ་པོ་ཝས་མུ་མཐུད་དུ་བཤད་པ་ལྟར་ན། ཕུ་ཊིན་གྱི་དམག་སྐུལ་ལ་གཡོལ་བར་བྷུ་རི་ཡའི་སྐྱེས་པ་མང་པོ་ཞིག་སོག་ཡུལ་ལ་བྲོས་བྱོལ་དུ་འགྲོ་བཞིན་པ་དང་སོག་ཡུལ་གྱི་ས་མཚམས་སུ་མི་ཚོས་བང་རིང་པོ་ཞིག་བསྒྲིགས་ཡོད་པའི་བརྙན་ཐུང་ཞིག་དྲྭ་ལམ་དུ་ཁྱབ། ལོ་ན་༢༡་ལ་སོན་པའི་ན་ཛི་ཡ་ཞེས་པའི་ཨུ་ལན་ཨུ་དྷེའི་སློབ་ཕྲུག་ཅིག་གིས་ངའི་ཨ་ཕ་ལོ་༤༥་ཡིན། ང་ལ་ཨ་ཕ་གཅིག་པུ་མ་གཏོགས་ཨ་མ་མེད། ང་ཚོས་དམག་སྐུལ་ལ་སྣང་མེད་གཏོང་རྒྱུ་ཡིན། ངའི་ཨ་ཕ་མིག་ཡག་པོ་མེད་པ་དང་དམག་གི་ཉམས་མྱོང་ཅི་ཡང་མེད་ཅེས་དམག་སྐུལ་ལ་ཞུགས་རྒྱུ་མིན་པའི་ཐག་གཅོད་བྱས་འདུག བྷུ་རི་ཡའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཚོས་ཕུ་ཊིན་གྱིས་མཐའ་མཚམས་ཁག་གི་གྲངས་ཉུང་མི་རིགས་ཀྱི་སྐྱེས་པ་རྣམས་དམག་སར་བཏང་སྟེ་ཨུ་རུ་སུའི་མི་རིགས་དཀར་པོ་ཚོར་ངོ་སྲུང་གི་འདུག་ཅེས་སྐྱོན་བཙུགས། གཟའ་པ་སངས་ཉིན་སོག་ཡུལ་གྱི་སྲིད་འཛིན་ཟུར་པ་ཨེལ་བྷར་རྡོ་རྗེ་ཤཱཀྱས་ཕུ་ཊིན་ལ་ཨུ་རུ་སུར་གནས་འཁོད་སོག་པའི་སྤྱི་དམངས་རྣམས་དམག་ཁོངས་སུ་བསྡུ་རྒྱུ་མཚམས་འཇོག་བྱ་དགོས། མི་གསོད་ཁྲག་སྦྱོར་འདི་འགོ་ཚུགས་ནས་བཟུང་སྟེ་བྷུ་རི་ཡའི་སོག་རིགས་དང་ཐུ་བའི་སོག་རིགས། ཀལ་མུག་གི་སོག་ཚོར་བསད་རྨས་ཀྱི་གནོད་འཚེ་ཚབས་ཆེན་འཕོག་གི་ཡོད་པ་ངས་ཤེས་ཀྱི་ཡོད། ཁོ་ཚོ་སྒྱོགས་མདེལ་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་ལས་ཅི་ཡང་མ་རེད་ཅེས་སྐྱོན་བརྗོད་བྱས་འདུག ཏ་མི་ལ་ཏ་ཤེ་ཝ་ཞེས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ཡུཀ་རེན་གྱི་གྲོས་ཚོགས་བརྙན་འཕྲིན་ཁང་ལ་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ཁེ་རེ་མཱི་ཡ་གླིང་ཟུར་གྱི་ཊ་ཊར་བ་ཁ་ཆེ་ཚོས་ཕུ་ཊིན་གྱི་དམག་སྐུལ་ལ་སྣང་མེད་བཏང་ནས་ཨུ་ཛི་བྷེ་ཀི་སི་ཐན་དང་ཁ་ཛཀ་སི་ཐན་སོགས་ལ་གནས་སྤོར་བྱེད་ཀྱི་འདུག་ཅེས་བཀྲལ།།

གཟའ་མཇུག་དེར་བྷུ་ལུམ་བྷག་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ཕུ་ཊིན་གྱིས་དམག་སྐུལ་བཀའ་རྒྱ་བསྒྲགས་ནས་བཟུང་། ཨུ་རུ་སུའི་དམག་ཁྲལ་རྒྱུག་དགོས་པའི་ལོ་ཚད་ལོན་པའི་སྐྱེས་པ་༨༥༧༢་བྱང་ཕྱོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཧྥིན་ལན་ཌིར་བྲོས། ད་ལྟའི་བར་དུ་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་སར་བྷི་ཡར་ཨུ་རུ་སུའི་དམག་སྐུལ་ལ་ཞུགས་དགོས་པའི་ལོ་ཚད་ལོན་པའི་མི་ཁྲི་ཚོ་༥་ལྷག་བྲོས་བྲོལ་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན། ད་དུང་ཕུ་ཊིན་གྱི་དམག་སྐུལ་ལ་གཡོལ་བར་ཨུ་རུ་སུའི་སྐྱེས་པ་ཁྲི་ཚོ་མང་པོ་འཇོར་ཇཱི་ཡ་དང་ཁ་ཛཀ་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན། སོག་ཡུལ་དང་ཏུར་ཀི་རྒྱལ་ཁབ་བཅས་ལ་རླངས་འཁོར་དང་རྐང་འཁོར། མེ་འཁོར་དང་གྲུ་གཟིངས། གནམ་གྲུ་སོགས་ཀྱི་ནང་དུ་ཐར་ཐབས་བྱས་ནས་བྲོས། ཨུ་རུ་སུ་ནས་འཇོར་ཇཱི་ཡའི་ས་མཚམས་བར་དུ་སྤྱི་ལེ་བཅུ་ལས་མེད་ཀྱང་དུས་ཡུན་ཉིན་ཞག་གཅིག་འགོར་ཡོད་ཅིང་། ལོ་ན་༣༥་ལ་སོན་པའི་མཉེན་ཆས་ཇུས་འགོད་པ་ཌན་ནིལ་ཞེས་པ་ཞིག་གིས་ངས་རླངས་འཁོར་ཞིག་གླས་པ་ཡིན། ང་དང་རོགས་པ་ཚོས་མི་རེས་ཨུ་རུ་སུའི་དངུལ་སྒོར་ཁྲི་ཚོ་༡་རེ་སྤྲོད་དགོས་བྱུང་སོང་། ང་ནི་དམག་སྐུལ་དེར་ཡིད་ཆེས་མེད། ང་ལ་དམག་སྦྱོང་གཏན་ནས་ཐོབ་མྱོང་མེད། ངའི་དམག་མིའི་ལག་འཁྱེར་ཐོག་ཏུ་དམག་ཁོངས་སུ་ཞུགས་མི་དགོས་ཞེས་འཁོད། ང་ནི་ཟུར་འཇོག་དམག་ཁོངས་སུ་ཡོད་པ་དང་ཉི་མ་གཅིག་དམག་ཁོངས་སུ་འབོད་འགུགས་བྱ་རྒྱུ་ཡིན་པ་ངས་ཤེས་ཀྱི་ཡོད། དེས་ན་ང་དམག་ཁོངས་སུ་ཞུགས་རྒྱུའི་ཚབ་ཏུ་འཇོར་ཇཱི་ཡའི་རྒྱལ་ས་ཊིབ་ལི་སིར་བྲོས་ཡོང་བ་ཡིན། ཁོ་ཚོས་དམག་སྐུལ་ཕྱེད་ཀ་ཡིན་ཟེར། དེ་ནི་དངངས་སྐྲག་མི་སློང་ཐབས་དང་གཡོ་ཐབས་འབའ་ཞིག་རེད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། བདུན་ཕྲག་སྔོན་མའི་གཟའ་ཕུར་བུ་ནས་དམག་སྐུལ་ཁོངས་སུ་བསྡུས་པའི་དམག་མི་གསར་པ་ཚོར་ཨུ་རུ་སུ་དམག་ཤོག་གི་དུས་སྐབས་ཀྱི་མེ་མདའ་རྙིང་པ་བཙའ་བརྒྱབ་ཡོད་པ་རྣམས་བཀྲམ། ཨུ་རུ་སུའི་དབུ་བླ་ཀི་རིལ་གྱིས་སྐྱེས་པ་རྣམས་དམག་ལ་ཆས་དགོས། མེས་རྒྱལ་གྱི་དོན་དུ་ཚེ་སྲོག་བསྔོས་ན་དག་པའི་ཞིང་དུ་སྐྱེ་ངེས་རེད་ཅེས་བསྐུལ། ཨུ་རུ་སུའི་འགོ་ཁྲིད་ཚོས་གཞུང་གི་ལས་ཁུངས་ཁག་དང་བཟོ་གྲྭ སློབ་གྲྭའི་དགེ་རྒན་སོགས་མི་སྟོང་ཕྲག་འགའ་ཞིག་རྒྱལ་ས་མོ་སི་ཀོར་བསྡུས་ནས་དམག་སྐུལ་ལ་རྒྱབ་སྐྱོར་དང་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིར་མང་མོས་འོས་བསྡུ་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་ཡོད་པའི་རྣམ་པ་སྟོན་དུ་བཅུག་ཡོད་པའི་གནས་ཚུལ་ཐོན་འདུག

གཟའ་སྤེན་པའི་ཉིན་ཨ་རིའི་ཧིལ་གསར་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༩་པའི་ཚེས་༢༤་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་བརྙན་འཕྲིན་གཏམ་བཤད་སྐབས་སུ་ཨུ་རུ་སུའི་བཟུང་དམག་ལ་ལྟ་སྐྱོང་བཟང་པོ་བྱ་རྒྱུ་ཡིན། ཨུ་རུ་སུའི་དམག་མི་ཚོས་མགོ་སྒུར་དགོས། ཁོ་ཚོས་མགོ་སྒུར་པ་གསང་བ་བྱེད་ཆོག ཨུ་རུ་སུར་ཕྱིར་ལོག་བྱ་འདོད་མེད་ན་ཕྱིར་ལོག་བྱེད་མི་དགོས་པའི་གོ་སྐབས་སྤྲོད་རྒྱུ་ཡིན་ཞེས་ཁས་ལེན་དོན་ཚན་གསུམ་བྱས་འདུག ཁོང་གིས་ཨུ་རུ་སུའི་དམག་གིས་མགོ་སྒུར་ན་མགོ་སྒུར་སྟངས་དེ་གསང་བ་བྱ་རྒྱུ་དང་དམག་མི་དེས་རང་མོས་ཐོག་ཏུ་མགོ་སྒུར་པ་ཨུ་རུ་སུའི་རྒྱལ་ནང་དུ་སྒྲོགས་རྒྱུ་མིན། གལ་སྲིད་དམག་མི་གང་ཞིག་ཨུ་རུ་སུར་ཕྱིར་ལོག་བྱ་རྒྱུར་སྐྲག་ན་བཟུང་དམག་བརྗེ་རེས་གྲས་སུ་བརྗེ་ལེན་མི་བྱེད་པའི་འགན་ལེན་བྱེད་ཆོག ཨུ་རུ་སུའི་དམག་དཔོན་ཚོས་དམག་མི་དཀྱུས་མའི་ཚེ་སྲོག་ལ་གཅེས་སྤྲས་ནམ་ཡང་བྱེད་མི་སྲིད། དམག་དཔོན་ཚོས་དམག་མི་ཚེ་སྲོག་ཤོར་བ་དང་རྨས་སྐྱོན་ཕོག་པ། དམག་ས་ནས་བྲོས་པ་དང་བཟུང་དམག་གི་ས་མིག་སྟོང་པར་ལུས་ཡོད་པ་རྣམས་འགེངས་ཐབས་ཁོ་ན་བྱེད་ཀྱི་ཡོད་པ་རེད། ཁྱེད་ཚོས་རང་གི་རྩ་ཆེའི་ཚེ་སྲོག་དོན་མེད་དུ་མི་གཏོང་བའི་ཐག་གཅོད་བྱེད་པའི་དུས་སུ་བབ་ཡོད། དམག་ཁྲལ་གྱི་བཀའ་ཡིག་དེར་དང་ལེན་བྱས་ནས་ཕྱིའི་རྒྱལ་ཁབ་ཅིག་གི་ས་ཐོག་ཏུ་དམག་འཁྲུག་གི་ཉེས་ཅན་ལ་གྱུར་ནས་འཆི་རྒྱུའི་ཚབ་ཏུ་ཁྲིམས་འགལ་གྱི་དམག་སྐུལ་དེར་གཡོལ་ཐབས་སུ་བྱེད་ན་ལེགས། ཁྱེད་ཚོ་དམག་འཁྲུག་ལ་ཞུགས་ནས་སོ་སོ་གསོད་དུ་འཇུག་པའམ། ཡང་ན་རྨས་སྐྱོན་ཕོག་སྟེ་ཚེ་གང་པོར་དབང་པོ་སྐྱོན་ཅན་ལ་འགྱུར་དུ་འཇུག་རྒྱུའི་ཚབ་ཏུ་ཡུཀ་རེན་ལ་མགོ་སྒུར་ན་བཟང་། ཡུཀ་རེན་གྱིས་ཕར་རྒོལ་དྲག་པོ་བྱ་རྒྱུ་ནི་འོས་ཤིག་འཚམས་པ་ཞིག་ཡིན། ང་ཚོས་རང་གི་རྒྱལ་ཁབ་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད། ཡུཀ་རེན་གྱིས་རྒྱལ་ཁབ་གཞན་པ་སུ་གཅིག་ལ་བཙན་འཛུལ་བྱེད་ཀྱི་མེད། ང་ཚོའི་དམག་གིས་ཁེ་རེ་མཱི་ཡ་གླིང་ཟུར་ཚུད་པའི་ཨུ་རུ་སུའི་བཙན་བཟུང་འོག་ཏུ་ཚུད་པའི་ས་ཆ་ཡོངས་རྫོགས་བཅིངས་འགྲོལ་གཏོང་རྒྱུ་ཡིན་ཞེས་ནན་བརྗོད་བྱས་འདུག

ཕྱི་ཟླ་༩་པའི་ཚེས་༢༤་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་གྱིས་ལོ་ན་༦༧་ལ་སོན་པའི་ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་གཞོན་པ་ཌི་མི་ཊི་རི་བྷུལ་གྷ་ཀོབ་གནས་དབྱུང་བཏང་སྟེ་བྷུ་ཆ་དང་མ་རི་ཨུ་པུལ་གྲོང་ཁྱེར་གྱི་གཤེད་མར་གྲགས་པའི་དམག་སྤྱིའི་མཱི་ཁེལ་མཱི་ཛིན་ཚེབ་རྒྱལ་སྲུང་བློན་ཆེན་གཞོན་པར་བསྐོས། ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་བའི་ལན་ཁག་རྣམས་རྒྱལ་སྲུང་བློན་ཆེན་གཞོན་པར་གཡོགས། ཁོ་པ་ལས་གནས་གསར་པ་ཞིག་ལ་འཕོ་འགྱུར་བ་བཏང་ཡིན་ཞེས་བསྒྲགས་ཀྱང་ལས་གནས་གསར་པ་གང་དུ་བསྐོ་བཞག་བྱས་མིན་གསལ་བཀྲོལ་མ་བྱུང་། ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་ཟླ་བ་༧་ཕྱིན་པའི་རྗེས་སུ་ཨུ་རུ་སུ་འུ་ཐུག་སྟེ་བྱང་ཀོ་རི་ཡ་དང་ཨི་རན་ནས་ཁ་ལོ་བ་མེད་པའི་འཕུར་གྲུ་དང་སྒྱོགས་མདེལ། འཕུར་མདེལ་སོགས་ནང་འདྲེན་བྱ་དགོས་བྱུང་ཞིང་། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཆུ་མཛོད་ཁག་ལ་གཏོར་རྒོལ་དང་འཕུར་མདེལ་བརྒྱབ་ནས་ཡུཀ་རེན་གྱི་དཔུང་འཇུག་ལ་འགོག་རྒོལ་བྱེད་ཀྱི་ཡོད་ཀྱང་འགོག་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་སྤེལ། ཨུ་རུ་སུའི་འོས་བསྡུའི་ལས་མི་ཚོས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞི་སྟེ། ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཅས་ཀྱི་ཁྱིམ་ཚང་རེ་རེ་བཞིན་སྒོ་བརྡུངས་ནས་མངའ་ཁུལ་དེ་དག་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་ཡིན་མིན་མང་མོས་འོས་བསྡུ་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཡུཀ་རེན། མཉམ་འབྲེལ་རྒྱལ་ཚོགས་བཅས་ཀྱིས་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞིར་མང་མོས་འོས་བསྡུ་ཟེར་བ་ཞིག་བྱེད་ཀྱི་ཡོད་པ་ནི་གཡོ་ཁྲམ་དང་རྒྱལ་ཁབ་གཞན་གྱི་ས་ཆ་ཧམ་འཕྲོག་བྱ་རྒྱུའི་དམིགས་ཡུལ་འབའ་ཞིག་རེད། ཨུ་རུ་སུའི་བཀོད་ཇུས་འོག་ཏུ་བྱས་པའི་མང་མོས་འོས་བསྡུ་དེའི་གྲུབ་འབྲས་ལ་སུ་གཅིག་གིས་ཀྱང་ངོས་ལེན་འཐོབ་མི་སྲིད་ཅེས་ཁ་རྡུང་དྲག་པོ་བཏང་འདུག

XS
SM
MD
LG