ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཞི་ཅིང་ཕིང་སླེབས་མེད་པ་དང་པུ་ཊིན་ལ་སྐྱོན་བརྗོད་བྱས་འདུག


སྐབས་༧༧ པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་ཀྱིས་གོ་སྒྲིག་འོག་སྤྱི་ཟླ་དགུ་པའི་ཚེས་ཉི་ཤུ་ཉིན་ནས་བཟུང་ཉིན་གྲངས་བདུན་རིང་ལ་སྐོང་འཚོགས་གནང་ཡོད་པ་དང་། ཚོགས་ཆེན་ཐོག་ཏུ་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་ལྷན་འཛོམས་གྱིས་ཡུག་ཁེ་རན་གྱི་དམག་འཁྲུག་དང་ཏོག་དབྱིབས་ནད་ཡམས། དེ་བཞིན་གནམ་གཤིས་འགྱུར་ལྡོག འཛམ་གླིང་གི་འབྲུ་རིགས་བདེ་འཇགས་སོགས་ཀྱི་བརྗོད་གཞི་དང་གནད་དོན་བརྒྱ་ལྷག་ཙམ་གྱི་སྐོར་ལ་བགྲོ་གླེང་དང་ཐག་གཅོད་གནང་འདུག

འདས་པའི་ལོ་གཉིས་ལྷག་གི་རིང་། ཏོག་དབྱིབས་ནད་ཡམས་ཁྱབ་གདལ་དུ་ཕྱིན་པའི་རྐྱེན་ལས་ལོ་རེའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེ་བཞིན་དྲ་ལམ་བརྒྱུད་ནས་སྐོང་འཚོགས་གནང་དགོས་བྱུང་ཡོད་ཀྱང་། ད་ལོར་ནད་ཡམས་རིམ་བཞིན་ཞི་ལྷོད་ཡོང་བ་དང་སྟབས་བསྟུན་ནས། འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོ་ཨ་མི་རི་ཀའི་ནིའུ་ཡོག་གྲོང་ཁྱེར་དུ་ལྷན་འཛོམས་ཐོག་སྐོང་འཚོགས་གནང་འདུག འོན་ཏེ་རྒྱ་ནག་དང་ཨུ་རུ་སུ། རྒྱ་གར། ཨེ་སེ་ཨི་པིས་ཡ་བཅས་ཀྱི་རྒྱལ་ཁབ་སྐུ་ཚབ་མཉམ་བཞུགས་བྱས་ཡོད་པ་ལས་རྒྱལ་ཁབ་ཀྱི་དབུ་ཁྲིད་མཉམ་བཞུགས་བྱས་མེད་པ་རེད།

ཚོགས་ཆེན་མ་འཚོགས་གོང་གི་ཉིན་གཅིག་གི་སྔོན་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་Antonio Guterres ལགས་ཀྱིས་གསུང་བཤད་གནང་བ་ལས། དེང་སྐབས་འཛམ་གླིང་གང་སར་ཉམས་ཉེས་ཀྱིས་ཁེངས་བསྡད་ཡོད་དེ། ཟིང་འཁྲུག་དང་གནམ་གཤིས་ཀྱི་གོད་ཆག དེ་བཞིན་དབུལ་ཕོངས་དང་ཉམ་ཐག འདྲ་མཉམ་དྲང་བདེན་མིན་པའི་གནད་དོན། ཨུ་རུ་སུས་ཡུག་ཁེ་རན་ལ་བཙན་འཛུལ་བྱས་པའི་རྐྱེན་ལས་དེང་སང་རྒྱལ་ཁབ་མང་པོའི་བར་གྱི་འབྲེལ་ལམ་ལ་དོ་ཕོག་བཏང་ཡོད་པ་སོགས་གནད་དོན་དེ་དག་རྒྱལ་ཁབ་སོ་སོའི་དབུ་ཁྲིད་ཚོས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་གནང་འདུག

ཚོགས་ཆེན་དེ་ནི་ཨུ་རུ་སུ་དང་ཡུག་ཁེ་རན་གྱི་དམག་འཁྲུག་གི་རྒྱབ་ལྗོངས་འོག་ལ་སྐོང་འཚོགས་གནང་ཡོད་པ་རེད།

ཨུ་རུ་སུའི་བཙན་འཛུལ་ལ་ཁ་གཏད་གཅག་མཁན་གྱི་ཡུག་ཁེ་རན་གྱི་སྲིད་འཛིན་ཛེ་ལེ་སི་ཁིས་ཚེས་༢༡ སྟེ་རེས་གཟའ་ལྷག་པའི་ཉིན་བརྙན་ལམ་བརྒྱུད་ནས་ཚོགས་ཆེན་དེའི་ཐོག་ལ་གཏམ་བཤད་གནང་ཡོད་པ་དང་། ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཨུ་རུ་སུའི་བཙན་འཛུལ་བྱེད་ཕྱོགས་ལ་ཉེས་ཆད་གཅོད་དགོས་པར་མ་ཟད། དམིགས་གསལ་ཁྲིམས་ཁང་དང་མ་དངུལ་གུན་གསབ་སྐོར་གྱི་ལས་ཁུངས་གསར་འཛུགས་ཀྱིས་མོ་སི་ཀོའི་ཆོད་སློག་གི་དབང་ཆ་ཕྱིར་འཐེན་བྱ་དགོས་ཞེས་འབོད་སྐུལ་གནང་འདུག

ཨ་མི་རི་ཀའི་སྲིད་འཛིན་ཇཱོ་བྷ་ཌན་མཆོག་གིས་རེས་གཟའ་ལྷག་པའི་ཉིན་ཚོགས་ཆེན་ཐོག་གསུང་བཤད་ཆུ་ཚོད་ཕྱེད་ཀ་ཙམ་ཞིག་གནང་སྟེ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་ཡུག་ཁེ་རན་ལ་དམག་གི་བཙན་འཛུལ་བྱེད་པའི་བྱེད་སྟངས་དེ་ནི། རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱབ་འགལ་ཡིན་ཞིང་། པུ་ཊིན་གྱིས་ཡུ་རོབ་རྒྱལ་ཁབ་ཚོ་ལ་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་གཏང་རྒྱུའི་འཇིགས་སྐུལ་བྱས་ཡོད་པ་སོགས་ལ་སྐྱོན་བརྗོད་ནན་མོ་གནང་ཡོད་པར་མ་ཟད།། སྲིད་འཛིན་ཁོང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལའང་། ཨ་རིས་རྒྱ་ནག་དང་འཁྲུག་རྩོད་དམ་གྲང་དམག་གསར་པ་ལངས་འདོད་མེད་ཀྱང་། ཐེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་ཡོང་ཐབས་སུ་དོ་སྣང་ཆེན་པོ་ཡོད། ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མུ་མཐུད་ནས་བྱ་རྒྱུ་ཡིན་ཡང་། རྒྱ་ནག་སྐམ་ས་ཆེན་མོའི་ཕྱོགས་གཅིག་ཅན་ཁོ་ནས་ཐེ་ཝན་མཚོ་ཁུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་གསུངས་འདུག གཞན་ཡང་གསུང་བཤད་དེ་མ་གནང་གོང་གི་ཆུ་ཚོད་འགའ་ཤས་ཀྱི་སྔོན་ལ། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་མོ་སི་ཀོ་ལ་དམག་མི་འབུམ་གསུམ་ལྷག་ཙམ་དམག་སྐུལ་བསྡུ་རུབ་བྱ་རྒྱུ་དང་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཨུ་རུ་སུའི་མངའ་ཁུངས་བདག་དབང་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

རྒྱ་ནག་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བར་སྐྱོན་བརྗོད།

ཚོགས་ཆེན་མ་འཚོགས་གོང་གི་གཟའ་འཁོར་གཅིག་གི་སྔོན་ལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པས་ཆེད་རྩོམ་ཞིག་སྤེལ་ཏེ། རྒྱ་ནག་སྲིད་གཞུང་གིས་ཤིན་ཅང་ནང་ཁ་ཆེ་ཡུ་གུར་བ་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོལ་རོལ་གཏོང་བཞིན་པའི་དྲག་སྤྱོད་ཚུད་པའི་འཛམ་གླིང་གང་སར་འགྲོ་བ་མིའི་ཐོབ་ཐང་ལ་དོ་ཕོག་གཏོང་བཞིན་པར་འཛམ་གླིང་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་བྱས་འདུག གཞན་ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་དང་ཕྱི་འབྲེལ་མི་སྣ་འགའ་ཤས་ཀྱིས་རྒྱལ་ཚོགས་ཀྱི་ངོས་ནས་རྒྱ་ནག་ལ་ཆེད་དམིགས་ཀྱི་རྟོག་ཞིབ་ཚོགས་པ་གསར་འཛུགས་ཀྱིས་རྒྱ་ནག་སྲིད་གཞུང་གི་བྱེད་སྟངས་ལ་ཞིབ་བཤེར་ནན་མོ་བྱེད་དགོས་པའི་འབོད་སྐུལ་བྱས་འདུག

སྲིད་འཛིན་བྷ་ཌན་མཆོག་གིས་ཐེ་ཝན་མཚོ་ཁུལ་གྱི་གནད་དོན་དང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་གསུང་བཤད་གནང་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་བྷ་ཌན་མཆོག་གིས་གསུང་བཤད་གནང་གསལ། ཨ་རིས་ཐེ་ཝན་མཚོ་ཁུག་གི་ཞི་བདེ་བརྟན་བརླིང་ལ་དོ་སྣང་ཆེན་པོ་ཡོད། ཨ་རིས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་མུ་མཐུད་ནས་བྱ་རྒྱུ་ཡིན་ཡང་རྒྱ་ནག་སྐམ་སའི་ཕྱོགས་གཅིག་ཅན་གྱི་ཐེ་ཝན་མཚོ་ཁུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་ངོ་རྒོལ་ཡོད་ཅེས་གསུངས་འདུག གཞན་ཡང་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་སྐོར་ལ་ཁོང་གིས་གསུངས་གསལ། ཨ་རྒྱ་གཉིས་བར་ལ་འགྲན་རྩོད་ཆེ་རུང་ཨ་རིས་རྒྱ་ནག་དང་གྲང་དམག་ལངས་འདོད་མེད་ལ། རྒྱལ་ཁབ་གཞན་ཚོས་ཨ་རྒྱ་གང་རུང་གི་ཕྱོགས་སུ་ལངས་རྒྱུའི་རེ་འབོད་ཞུ་ཡི་མེད་ཅེས་གསུངས་འདུག ད་ལན་ཚོགས་ཆེན་ཐོག་སྲིད་འཛིན་ཁོང་གིས་འཛམ་གླིང་སྤྱི་ཡོངས་ཀྱི་འབྲུ་རིགས་ཉམས་ཉེན་དང་གནམ་གཤིས་འགྱུར་ལྡོག་གི་གནད་དོན་སོགས་ལ་དོ་སྣང་བྱ་དགོས་ཚུལ་ནན་བརྗོད་གནང་ཡོད་ཅིང་། གནད་དོན་དེ་དག་ཐད་རྒྱལ་ཁབ་ཕན་ཚུན་དབར་མཉམ་ལས་ཀྱི་བྱ་གཞག་ལ་དོ་ཕོག་གཏོང་མཁན་ནི་འཛམ་གླིང་སྤྱིའི་དགྲ་བོ་རེད་ཅེས་གསུངས་འདུག

XS
SM
MD
LG