ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༩/༢༨

ཨུ་རུ་སུའི་དམག་སྐུལ་ལ་ངོ་རྒོལ་བྱེད་མཁན་མི་༡༣༠༠་ལྷག་འཛིན་བཟུང་།


༄༅།། ཨུ་རུ་སུའི་རྒྱལ་ས་མོ་སི་ཀོ་དང་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་དུ་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱེད་མཁན་མི་༡༣༠༧་འཛིན་བཟུང་དང་མི་༥༠༠་ལྷག་བཀག་ཉར་བྱས་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༩་པའི་ཚེས་༢༢་ཉིན་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱེད་མཁན་མང་ཤོས་ནི་མོ་སི་ཀོ་དང་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གཉིས་སུ་བྱུང་ཡང་ཨུ་རུ་སུ་རྒྱལ་ཡོངས་ཀྱི་གྲོང་ཁྱེར་༣༩་ཡི་ནང་དུ་དམག་སྐུལ་ལ་ངོ་རྒོལ་ཁྲོམ་སྐོར་བྱུང་ཞིང་། ཨུ་རུ་སུའི་གྲོང་ཁྱེར་ཆེན་པོ་ཨང་བཞི་པ་ཨེ་ཀ་ཊེ་རཱིན་བྷག་ཏུ་མི་༥༠་ལྷག་དང་སེ་བྷི་རི་ཡའི་ས་གནས་ཀྱི་གྲོང་ཁྱེར་ཁ་ཤས་ཀྱི་ནང་དུ་མི་བཅུ་ཕྲག་འགའ་འཛིན་བཟུང་། ཨུ་རུ་སུའི་ན་གཞོན་ཁྲི་ཚོ་མང་པོ་རྒྱལ་ཁབ་གཞན་ལ་བྲོས་བྱོལ་དུ་འགྲོ་རྒྱུ་མགོ་བརྩམས། ཁ་སང་གཟའ་ལྷག་པའི་ཉིན་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་ལྷག་དམག་སྐུལ་བྱ་རྒྱུའི་གསལ་བསྒྲགས་སྤེལ་ནས་བཟུང་། ཨུ་རུ་སུའི་ས་མཚམས་ཁག་ཏུ་མི་ཚོགས་བང་རིམ་བསྒྲིགས་ནས་ཕྱི་ལ་ཐར་ཐབས་སུ་འབད། དེ་བཞིན་ཨུ་རུ་སུ་རྒྱལ་ཡོངས་སུ་ཕར་ལམ་གཅིག་པུའི་གནམ་གྲུའི་འཛིན་བྱང་ཉོས་ནས་ཕྱི་རྒྱལ་ལ་སྐྱོད་མཁན་ཇེ་མང་དུ་སོང་། ཨུ་རུ་སུའི་མཁའ་ལམ་འགྲིམ་འགྲུལ་གྱི་འཛིན་བྱང་རྣམས་རིན་གོང་ལྡབ་འགྱུར་ཞིག་འཕར་འདུག་ཅེས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན། ཕུ་ཊིན་གྱི་དམག་སྐུལ་དེར་ཨུ་རུ་སུའི་མི་རིགས་རིང་ལུགས་པ་དང་གཡས་ཤོག་པ་ཚོས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་རྒྱ་ཆེའི་མང་ཚོགས། ལྷག་པར་དུ་ཨུ་རུ་སུའི་ན་གཞོན་ཚོས་ཡུཀ་རེན་གྱི་དམག་འཁྲུག་ལ་སྐྱོན་བརྗོད་བྱས་འདུག ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་དངོས་སུ་བཙན་འཛུལ་བྱས་ཀྱང་ད་དུང་ཡང་དམག་འཁྲུག་དེར་དམིགས་བསལ་དམག་དོན་འགུལ་ཞེས་མིང་བཏགས།།

ཨུ་རུ་སུའི་རྒྱལ་སྲུང་བློན་ཆེན་སར་གྷེ་ཤོ་གུས་དམག་མི་ཁ་སྣོན་འབུམ་༣་ལྷག་དམག་སྐུལ་བྱས་ནས་ཡུཀ་རེན་གྱི་དམིགས་བསལ་དམག་དོན་ལས་འགུལ་ལ་གཏོང་འཆར་ཡོད་ཅེས་བསྒྲགས། ཨུ་རུ་སུའི་ནང་སྲིད་ལྷན་ཁང་གིས་དམག་འཁྲུག་ལ་ངོ་རྒོལ་ཁྲོམ་སྐོར་བྱེད་དུ་འཇུག་རྒྱུ་མིན། སྤྱི་ཚོགས་ཀྱི་སྒྲིག་སྲོལ་ཁག་ལ་སྲུང་སྐྱོབ་བྱ་རྒྱུའི་དོ་ཁུར་ནན་པོ་བྱེད་ཀྱི་ཡོད། ཨུ་རུ་སུའི་ས་གནས་ཇི་སྙེད་ཅིག་ཏུ་ཆོག་མཆན་མེད་པར་ངོ་རྒོལ་ལས་འགུལ་སྤེལ་ཐབས་བྱེད་ཀྱི་འདུག ཡིན་ནའང་ངོ་རྒོལ་བྱེད་མཁན་ཧ་ཅང་གི་ཉུང་ཤས་ཤིག་རེད། མི་ཁག་ཅིག་གིས་ཁྲིམས་འགལ་གྱི་ངོ་རྒོལ་བྱ་ཐམས་བྱས་པ་ཐམས་ཅད་བཀག་ཡོད། ཁོ་ཚོ་འགའ་ཞིག་གིས་ཁྲིམས་འགལ་བྱས་ཡོད་པས་འབྲེལ་ཡོད་ས་གནས་ཁག་གི་ཉེན་རྟོག་ལས་ཁུངས་སུ་ཁྲིད་ནས་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་གསལ་བསྒྲགས་སྤེལ། དེ་རིང་ཕུར་བུའི་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཝེ་སི་ན་ཕྱོགས་འགལ་ལས་འགུལ་ཚོགས་པས་ཨུ་རུ་སུའི་མི་དམངས་ནས་ཕུ་ཊིན་གྱི་དམག་སྐུལ་ལ་ངོ་རྒོལ་བྱ་དགོས། ཨུ་རུ་སུའི་ཁྱིམ་ཚང་ཁག་གི་ཨ་ཕ་རྣམས་དང་ཁྱོ་ག་རྣམས། ཕུ་ནུ་བཅས་སྐྱེས་པ་སྟོང་ཕྲག་མང་པོ་ཁྲག་གི་འཁོར་ལོ་བསྐོར་བའི་དམག་འཁྲུག་གི་འཕྲུལ་ཆས་ནང་དུ་གཙབས་ས་རེད། སྐྱེས་པ་དེ་དག་ཅི་ཞིག་གི་ཆེད་དུ་འཆི་དགོས་པ་རེད། ཨ་མ་དང་ཆུང་མ། ཕྲུ་གུ་རྣམས་ཅི་ཞིག་གི་ཆེད་དུ་ངུ་དགོས་པ་རེད་ཅེས་འབོད་ཚིག་བཀྲམ། ཨུ་རུ་སུའི་ཁྲིམས་སྦྱོར་ལྷན་ཁང་གིས་སྐྱེ་བོ་གང་ཞིག་ངོ་རྒོལ་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་པའམ། ཡང་ན་ངོ་རྒོལ་ལས་འགུལ་བཀོད་སྒྲིག་བྱས་ན་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད་ཅེས་སྡིགས་ར་བསྐུལ། ཡུཀ་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་ཕུ་ཊིན་གྱི་བཀོད་འདོམས་ལྟར་ཨུ་རུ་སུའི་གྲོས་ཚོགས་འོག་མས་དམག་འཁྲུག་གི་གནས་ཚུལ་ངོ་མ་སྤེལ་མཁན་ཚོར་གསར་འགྱུར་རྫུན་མ་དང་དཀྲོག་གཏམ་སྤེལ་བའི་ནག་ཉེས་ཐོག་ཏུ་ལོ་བཅོ་ལྔའི་བཙོན་འཇུག་གི་ཁྲིམས་ཐག་གཅོད་ཆོག་ཅེས་བཅའ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ།།

ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་གྲོང་དཀྱིལ་དུ་ཡོད་པའི་སྐབས་དེར་དྲག་ཆས་སྤྲས་པའི་ཨུ་རུ་སུའི་ཉེན་རྟོག་པས་མི་༥༠་ལྷག་བཀག་ཉར་བྱས་པ་དངོས་སུ་མཐོང་ཞིང་། ཨུ་རུ་སུའི་རྒྱལ་ས་རྙིང་པ་སན་ཊི་ཕི་ཊར་སི་བྷག་གྲོང་ཁྱེར་གྱི་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པས་མི་མང་གིས་དམག་སྐུལ་བྱེད་མི་དགོས་ཞེས་སྐད་འབོད་བྱས་སོང་། ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པས་མི་དེ་ཚོ་རེ་རེ་བཞིན་བཀག་ཉར་བྱས་ནས་རྒྱ་ལམ་ཟུར་གྱི་རླངས་འཁོར་ནང་དུ་ཁྲིད་སོང་ཞེས་གསར་འགྱུར་སྤེལ། ཝ་སི་ལི་ཧྥེ་ཌོ་རོབ་ཟེར་བའི་སློབ་ཕྲུག་ཅིག་གིས་བྲང་ཁར་ཞི་བདེའི་མཚོན་རྟགས་བྲིས་པའི་སྟོད་ཐུང་ཞིག་གྱོན། ཁོ་པས་མི་ཚང་མ་སྐྲག་གི་ཡོད་པ་དང་ང་ནི་ཞི་བདེ་ལ་དགའ་མོས་་ཡོད། ང་ལ་མེ་མདའ་བཟུང་ནས་དམག་འཁྲུག་རྒྱག་འདོད་མེད་ཅེས་གསར་འགོད་པར་གླེང་མོལ་བྱས་འདུག ལོ་ན་༦༠་ཐམ་པར་སོན་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཨ་ལིཀ་སེ་ཞེས་པའི་སྐྱེས་པ་ཞིག་གིས་ང་ནི་ངོ་རྒོལ་ཁྲོམ་སྐོར་ལ་མཉམ་ཞུགས་བྱེད་དུ་ཡོང་བ་ཡིན། འོན་ཀྱང་མི་ཚང་མ་འཛིན་བཟུང་བྱས་ནས་ཁྲོམ་སྐོར་བྱེད་མི་ཐུབ་པ་ཞིག་ཏུ་བསྒྱུར་ཡོད་པ་འདྲ། ཕུ་ཊིན་གྱི་གཞུང་གིས་ཨུ་རུ་སུའི་ན་གཞོན་རྣམས་ལྔ་ལམ་དུ་རྫོང་གི་འདུག་ཅེས་སྐྱོན་བཙུགས། ན་གཞོན་ཞིག་གིས་ཉེན་རྟོག་པ་ཚོར་ཁྱེད་ཚོས་ཅིའི་ཕྱིར་ཕུ་ཊིན་ལ་སྲི་ཞུ་སྒྲུབ་ཀྱི་ཡོད། ཁོ་པས་སྲིད་དབང་བཟུང་ནས་ལོ་༢༠་ལྷག་ཕྱིན་པ་རེད་ཅེས་སྡིགས་སྐད་བརྒྱབ། ཨོཀ་ས་ན་སི་ཌོ་རེན་ཀོ་ཞེས་པའི་སློབ་ཕྲུག་ཅིག་གིས་ཧྥ་རན་སི་གསར་འགྱུར་ལས་ཁང་ལ་ང་འདིར་དམག་སྐུལ་ལ་ངོ་རྒོལ་ཡོད་ཅེས་རྣམ་འགྱུར་སྟོན་དུ་ཡོང་བ་ཡིན། ཁོ་ཚོར་ངའི་མདུན་ལམ་ཐག་གཅོད་བྱེད་ཆོག་པའི་དབང་ཚད་མེད། ང་ནི་རང་གི་ཕུ་ནུའི་ཚེ་སྲོག་གི་ཆེད་དུ་བློ་འཚབ་བྱུང་སྟེ་སྐྲག་གི་འདུག་ཅེས་ཧྥ་རན་སི་གསར་འགྱུར་ལས་ཁང་གི་གསར་འགོད་པར་བཤད། ལོ་ན་༢༠་ཐམ་པར་སོན་པའི་ཨ་ལི་ན་སིཀ་ཝོར་སོ་ཝ་ཞེས་པའི་ན་གཞོན་མ་ཞིག་གིས་ཨུ་རུ་སུའི་མང་ཚོགས་ནས་ཕུ་ཊིན་གྱིས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ཏེ་དམག་འཁྲུག་རྒྱག་གི་ཡོད་པ་ཤེས་རྟོགས་ཐུབ་པའི་རེ་བ་ཡོད། ཨུ་རུ་སུའི་མི་དམངས་ཀྱིས་དམག་འཁྲུག་གི་གནས་ཚུལ་ངོ་མ་དེ་ཤེས་རྟོགས་ཐུབ་ན་འཕྲལ་དུ་སྲང་ལམ་ནང་དུ་ཐོན་ནས་ངོ་རྒོལ་བྱེད་ངེས་རེད་ཅེས་བཀྲལ།།

ཨེ་ཀ་རིན་བྷག་གྲོང་ཁྱེར་དུ་རྐུབ་བཀྱག་འཁོར་ལོའི་སྟེང་དུ་བསྡད་པའི་དམག་འཁྲུག་ལ་ངོ་རྒོལ་བྱེད་མཁན་བུད་མེད་དབང་པོ་སྐྱོན་ཅན་ཞིག་གིས་ཕུ་ཊིན་སྤྱི་ཐེར། ཁོའི་ཨ་ཕའི་རོ། ཁོས་ང་ཚོའི་སྟེང་དུ་འབར་མདེལ་འཕེན་དུ་འཇུག་ས་རེད། ད་དུང་ང་ཚོས་ཁོ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ད་ངས་བཤད་རྒྱུ་མང་དྲགས་སོང་ཞེས་རང་ཚོད་བཟུང་བའི་གནས་ཚུལ་ཐོན། མཉམ་འབྲེལ་གསར་ཁང་གི་གསར་འགོད་པས་གཟའ་ལྷག་པའི་དགོང་མོར་ངོ་རྒོལ་འགོ་ཚུགས་ནས་དུས་ཡུན་སྐར་མ་བཅོ་ལྔའི་ནང་དུ་དམག་སྐུལ་ལ་ངོ་རྒོལ་བྱེད་མཁན་མི་བཅུ་ཕྲག་འགའ་འཛིན་བཟུང་བྱས་པ་དངོས་སུ་མཐོང་ཡོད་པར་མ་ཟད། ཨུ་རུ་སུའི་དྲག་ཆས་ཉེན་རྟོག་པས་ཚོང་ཁང་ཁག་གི་མདུན་དུ་དམག་འཁྲུག་རྒྱག་མི་དགོས་ཞེས་སྐད་འབོད་བྱེད་མཁན་ཚོར་དྲག་གནོན་བྱས་ནས་བཙན་གྱིས་ཁྲིད། མུ་སི་ཀོ་ཝི་ཊེ་ཞེས་པའི་བུད་མེད་ཅིག་གིས་ང་ནི་སུ་གང་ལ་སྐྲག་གི་མེད། ངའི་བུ་ཕྲུག་གི་ཚེ་སྲོག་ནི་བླ་ན་མེད་པའི་རྩ་ཆེ་ཤོས་དེ་ཡིན། ངས་རང་གི་བུ་ཕྲུག་གི་ཚེ་སྲོག་ཕུ་ཊིན་ལ་འཕྲོག་ཏུ་འཇུག་རྒྱུ་མིན་ཞེས་བཤད། མཉམ་འབྲེལ་གསར་ཁང་གི་གསར་འགོད་པས་ངོ་རྒོལ་ཁྲོམ་སྐོར་བྱས་ནས་དམག་འཁྲུག་འགོག་ཐུབ་བམ་ཞེས་དྲིས། བུད་མེད་དེས་དམག་འཁྲུག་འགོག་མི་ཐུབ་ཀྱང་ངོ་རྒོལ་བྱ་རྒྱུ་ནི་ངའི་སྤྱི་དམངས་ཀྱི་ལས་འགན་རེད། ངའི་ལངས་ཕྱོགས་ནི་དམག་འཁྲུག་ལ་འཐད་པ་མེད་ཟེར་རྒྱུ་དེ་ཡིན་ཞེས་ལན་བཏབ།།།

ཉམས་ཞིབ་པ་ཕལ་ཆེ་བས་ཕུ་ཊིན་གྱིས་དམག་སྐུལ་བྱེད་ཀྱི་ཡོད་པ་ནི་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུར་ཕམ་ཉེས་ཆེན་པོ་བྱུང་སྟེ་དམིགས་ཡུལ་འགྲུབ་ཀྱི་མེད་པའི་རྟགས་མཚན་རེད། ཉེ་ཆར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་བཟུང་སྟེ་ཨུ་རུ་སུའི་བཙན་འཕྲོག་བྱས་པའི་ས་ཆ་རྒྱ་ཆེན་པོ་ཞིག་ཤོར། དེར་བརྟེན་ཕུ་ཊིན་འུ་ཐུག་སྟེ་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞི་སྟེ། ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཅས་ལ་མང་མོས་འོས་བསྡུ་བྱ་རྒྱུ་དེར་རྒྱབ་སྐྱོར་ཡོད། ས་གནས་དེ་དག་གི་མང་ཚོགས་ཀྱིས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་འོས་ཤོག་འཕངས་ན་ཨུ་རུ་སུའི་གྲོས་ཚོགས་འོག་མས་དེ་ལ་ངོས་ལེན་གྱི་གྲོས་ཆོད་འཇོག་དགོས་ཞེས་བཀོད་ཁྱབ་བཏང་ཞིང་། ཕུ་ཊིན་གྱིས་ཨུ་རུ་སུའི་མངའ་ཁོངས་གོང་བུ་གཅིག་གྱུར་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་མཚོན་ཆ་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ༢༠༢༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་གཏམ་བཤད་བྱས་པའི་སྐབས་སུ་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་ཨུ་རུ་སུས་རྡུལ་ཕྲན་མཚོན་ཆའི་སྡིག་ར་སྐུལ་གྱི་ཡོད་པ་ནི་འགན་འཁྲི་མི་ལེན་པ་དང་ལྟོས་མེད་ཀྱི་རྩིང་སྤྱོད་ཅིག་རེད་ཅེས་བཀྱོན་ཕབ། གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་འཇར་མན་ཎིའི་བརྙན་འཕྲིན་ཁང་ལ་འཛམ་གླིང་ཧྲིལ་པོས་ཕུ་ཊིན་ལ་རྡུལ་ཕྲན་མཚོན་ཆ་འཕེན་དུ་འཇུག་མི་སྲིད་ཅེས་བཤད། ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་ཀུ་ལེ་བྷས་ང་ཚོའི་ཁ་བྲལ་གྱེན་ལོག་ས་ཁུལ་ཁག་ལ་ཨུ་རུ་སུས་མང་མོས་འོས་འདེམས་བྱས་ཀྱང་དོན་དངོས་ལ་འགྱུར་བ་གང་ཡང་ཐེབས་མི་ཐུབ་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་འདེབས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG