ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

བྷ་ཌན་གྱི་གཏམ་བཤད་སྐབས་སུ་ཨུ་རུ་སུའི་དམག་སྐུལ་ལ་སྐྱོན་བརྗོད།


༄༅།། ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གྱིས་༢༠༢༢་ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ལ་གཏམ་བཤད་གནང་བའི་སྐབས་སུ་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཟུར་འཇོག་དམག་དཔུང་འབུམ་༣་དམག་སྐུལ་བྱས་པར་སྐྱོན་བརྗོད་གནང་། གཟའ་ལྷག་པའི་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་བྷ་ཌན་གྱིས་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ནི་ངོ་ཚ་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལ་རྒྱབ་འགལ་བྱས་པ་ཞིག་ཡིན་ཞིང་། ཡུཀ་རེན་གྱི་ས་ཐོག་ཏུ་དམར་གསོད་བྱུང་བ་རྣམས་སྐྱི་གཡའ་བ་ཞིག་རེད། ཕུ་ཊིན་གྱིས་ཨུ་རུ་སུར་ཉེན་ཁ་བྱུང་ནས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་ཡིན་ཟེར། ཨུ་རུ་སུ་གཅིག་པུ་མ་གཏོགས་གཞན་པ་སུ་གཅིག་གིས་ཀྱང་འཁྲུག་རྩོད་སློང་གི་མི་འདུག ཕུ་ཊིན་གྱིས་ཡུཀ་རེན་རྩ་མེད་གཏོང་རྒྱུའི་དམིགས་ཡུལ་བཅངས་ནས་དམག་འཁྲུག་བསླངས་པ་རེད། འདི་ནི་ཡུཀ་རེན་མི་དམངས་རྣམས་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ཏུ་འཚོ་གནས་བྱེད་ཆོག་པའི་ཐང་ཡོད་པ་མེད་པར་གཏོང་རྒྱུའི་དམག་འཁྲུག་ཅིག་རེད། དམག་འཁྲུག་འདི་མི་གཅིག་གིས་བསླངས་པའི་མཁྲེགས་འཛིན་གྱི་ཨུ་ཚུགས་ཤིག་ཡིན་པར་མཟད། ཨུ་རུ་སུའི་དམག་འཁྲུག་འདི་གདུག་རྩུབ་ཆེ་བ་དང་དགོས་མེད་ཅིག་རེད། ཕུ་ཊིན་གྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་རྡུལ་ཕྲན་མཚོན་ཆས་སྡིགས་ར་སྐུལ་གྱི་ཡོད་ཀྱང་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ནི་སུ་གཅིག་ལའང་ཁེ་ཕན་ཡོད་པ་ཞིག་མ་རེད་ཅེས་ཁ་རྡུང་བཏང་འདུག

སྲིད་འཛིན་བྷ་ཌན་གྱིས་མུ་མཐུད་དུ་བརྗོད་དོན་ལྟར་ན། དེ་རིང་ང་ཚོ་འདིར་ལྷན་འཛོམས་བྱུང་ཡོད་པའི་སྐབས་འདིར་མི་ཁག་ཅིག་གིས་བརྟན་ལྷིང་དང་དྲང་བདེན་གྱི་སྒོ་ནས་དབང་བསྒྱུར་བྱེད་དགོས་པའི་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་དགོངས་དོན་གཙབས་རལ་དུ་གཏོང་བའམ། ཡང་ན་དེ་ལ་འཁྱོག་བཤད་བྱས་ནས་རང་གི་ཆབ་སྲིད་ཀྱི་ཁེ་ཕན་སྒྲུབ་ཐབས་བྱེད་ཀྱི་འདུག་ཅེས་ཨུ་རུ་སུ་དམིགས་འབེན་དུ་བཟུང་ནས་སྐྱོན་བརྗོད་བྱས་ཤིང་། སྲིད་འཛིན་བྷ་ཌན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་གཏམ་བཤད་མ་བྱས་པའི་ཆུ་ཚོད་འགའ་ཞིག་གིས་སྔོན་དེར་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱིས་ཟུར་འཇོག་དམག་མི་འབུམ་༣་དམག་སྐུལ་བྱ་རྒྱུའི་གསལ་བསྒྲགས་སྤེལ། བདུན་ཕྲག་འདིའི་གཟའ་པ་སངས་ནས་བདུན་ཕྲག་རྗེས་མའི་གཟའ་མིག་དམར་བར་དུ་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་བཞི་སྟེ། ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཅས་ལ་མང་མོས་འོས་བསྡུ་བྱ་འཆར་ཡོད་པ་དེར་རྒྱབ་སྐྱོར་ཡོད། ང་ཚོའི་རྒྱལ་ཁབ་ཀྱི་མངའ་ཁོངས་གོང་བུ་གཅིག་གྱུར་ལ་ཉེན་ཁ་བྱུང་བ་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་དོན་དུ་ང་ཚོར་ཅི་ཞིག་ཡོད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་ཡིན། འདི་ནི་འུར་སྒྲོགས་དང་འཇིགས་སྐུལ་བྱས་པ་ཞིག་མིན་ཞེས་ཨུ་རུ་སུར་རྡུལ་ཕྲན་མཚོན་ཆ་ཡོད་པའི་གོ་རྒྱུ་བཏང་འདུག

ཨ་རིའི་ཨཀ་སི་ཡོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་སྲིད་འཛིན་བྷ་ཌན་གྱི་གཏམ་བཤད་ནི་ཨུ་རུ་སུས་ཡུཀ་རེན་གལ་བཙན་འཛུལ་བྱས་ནས་དམག་འཁྲུག་ལངས་ཡོད་པ་དང་ཡུཀ་རེན་གྱི་འབྲུ་རིགས་ཕྱིར་ཚོང་བྱས་མ་ཐུབ་པར་འཛམ་གླིང་རྒྱལ་ཁབ་མང་དག་ཅིག་ལ་ཟ་འབྲུ་ཆད་ཀྱི་ཡོད་པའི་དཀའ་ངལ། རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱས་ནས་དམག་འཁྲུག་རྒྱག་སྲིད་པའི་ཉེན་ཁ་ཆེ་རུ་འགྲོ་བཞིན་པ་དང་ཨུ་རུ་སུས་ཡུ་རོབ་རྒྱལ་ཁབ་ཁག་ལ་སོལ་རླངས་བཙོང་རྒྱུ་བཀག་སྡོམ་བྱས་ནས་དགུན་གྱི་གྲང་ངར་དུས་སུ་ཡུ་རོབ་རྒྱལ་ཁབ་ཁག་གི་མི་དམངས་ལ་འཁྱག་སྡུག་གི་དཀའ་ངལ་འཕྲད་དུ་འཇུག་རྒྱུའི་ངན་ཇུས་གཤོམ་གྱི་ཡོད་པ་སོགས་ལ་སྐྱོན་བརྗོད་བྱས་འདུག དེ་བཞིན་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐེབས་ནས་ཐན་པ་དང་ཚ་གདུག ཆུ་ལོག་དང་ཤིང་ནགས་ལ་མེ་སྐྱོན་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ། འཛམ་གླིང་ཡོངས་སུ་སྲིད་དབང་སྒེར་གཅོད་དང་བཙན་དབང་རིང་ལུགས་ཀྱི་སྟོབས་ཤུགས་རྒྱས་ནས་དམངས་གཙོའི་ལམ་ལུགས་ལ་ཁ་གཏད་གཅོག་གི་ཡོད་པ་བཅས་ལ་གདོང་ལེན་བྱ་རྒྱུ། འཛམ་གླིང་གི་ཟ་འབྲུ་འདུ་འགོད་ལས་དོན་ལ་ཨ་མི་རི་ཀས་ཨ་སྒོར་དུང་ཕྱུར་༢༩་རོགས་རམ་སྤྲོད་རྒྱུའི་ཁས་ལེན། ཨ་མི་རི་ཀས་འཛམ་གླིང་གི་འཕྲོད་བསྟེན་ལྟ་སྐྱོང་དང་གནམ་གཤིས་འགྱུར་ལྡོག་བཀག་སྡོམ་སོགས་ཀྱི་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུའི་ནན་བརྗོད་བྱས་འདུག

སྔ་ལོ་ཨ་མི་རི་ཀའི་དམག་དཔུང་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་ཡག་པོ་དང་གོ་རིམ་ལྡན་པ་ཞིག་བྱས་ཐུབ་མེད་པས་འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཨ་མི་རི་ཀས་འཛམ་གླིང་ཡོངས་ལ་འགོ་ཁྲིད་ཡག་པོ་ཞིག་བྱེད་ཐུབ་རྒྱུ་ཡིན་མིན་དེར་ཐེ་ཚོམ་བཟུང་། ད་ལོ་ཨ་མི་རི་ཀ་གཙོས་ཡུ་རོབ་རྒྱལ་ཁབ་ཁག་དང་ནུབ་ཆིངས། ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཡུཀ་རེན་ལ་རྒྱབ་སྐྱོར་དང་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་འགོ་ཁྲིད་ཀྱི་ནུས་པ་ཡོད་མེད་དོགས་པ་བྱུང་ཡོད་པ་རྣམས་མེད་པར་གྱུར། ཨ་རིའི་དཔལ་འབྱོར་སླར་གསོ་དང་རྒྱལ་ནང་གི་ནད་ཡམས་འཇོམས་ནས་སྲིད་འཛིན་བྷ་ཌན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་གདེང་སྤོབས་ལྡན་པའི་སྒོ་ནས་གཏམ་བཤད་བྱས་ཐུབ་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG