ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཡུཀ་རེན་གྱི་ཁ་བྲལ་ས་ཁུལ་གཉིས་ཀྱིས་ཨུ་རུ་སུར་ཟླ་སྒྲིལ་བྱ་རྒྱུའི་འབད་བརྩོན།


༄༅།། ཡུཀ་རེན་གྱི་དམག་གིས་རྒྱལ་ཁབ་དེའི་ཤར་ཕྱོགས་ཀྱི་ཁ་བྲལ་གྱེན་ལོག་པའི་ས་ཁུལ་ཁག་ལ་དཔུང་འཇུག་བྱེད་ཀྱི་ཡོད་པ་དང་ཨུ་རུ་སུའི་དམག་ལ་ཕམ་ཉེས་བྱུང་སྟེ་དམག་འཁྲུག་ལ་ལམ་ལྷོངས་མ་བྱུང་། ལུ་ཧན་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དང་ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་ས་ཁུལ་གཉིས་ཀྱི་འགོ་ཁྲིད་ཚོས་ཨུ་རུ་སུའི་གཞུང་ལ་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་གཉིས་སུ་མང་མོས་འོས་བསྡུ་བྱ་དགོས། ས་གནས་དེ་དག་འཕྲལ་དུ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་དགོས་ཞེས་འབོད་སྐུལ་ཞུས། ཕྱི་ཟླ་༩་པའི་ཚེས་༡༩་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཡུཀ་རེན་གྱི་དམག་གིས་མུ་མཐུད་དུ་དཔུང་འཇུག་བྱས་ནས་ཁར་ཀིབ་ས་གནས་ཀྱི་བྱང་ཤར་ས་ཁུལ་ཕལ་ཆེ་བ་ནས་ཨུ་རུ་སུའི་དམག་དཔུང་མཐར་བསྐྲད། ཡུཀ་རེན་གྱི་དམག་གིས་ཁ་བྲལ་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད་པའི་གྲོང་གསེབ་ཁག་ལ་དཔུང་འཇུག་བྱ་རྒྱུ་འགོ་བཙུགས་ཡོད་པས་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་གཉིས་ཀྱི་འགོ་ཁྲིད་ཚོར་དངངས་སྐྲག་ལངས་ཡོད་པའི་གནས་ཚུལ་ཐོན་འདུག གསར་འགོད་པ་རྣམས་ཁ་བྲལ་གྱེན་ལོག་པའི་ས་ཁུལ་དེར་བསྐྱོད་ཐུབ་ཀྱི་མེད་ཀྱང་ཡུཀ་རེན་གྱི་དམག་གིས་ལུ་ཧན་ཛིཀ་ས་གནས་ཀྱི་ལི་སི་ཆན་སིཀ་གྲོང་ཁྱེར་དང་ཌོ་ནེ་ཛིཀ་ས་གནས་ཀྱི་སི་ལོ་ཝི་ཡན་སིཀ་གྲོང་ཁྱེར་གྱི་ཉེ་འཁོར་དུ་དཔུང་འཇུག་བྱ་རྒྱུ་མགོ་བརྩམས། ཡུཀ་རེན་གྱི་ལུ་ཧན་སིཀ་མངའ་ཁུལ་གྱི་དམག་དཔུང་བཀོད་འདོམས་པ་སེར་ཧི་ཧེ་དྷེ་ཞེས་པ་ཞིག་གིས་ང་ཚོས་ལུ་ཧན་ཛིཀ་ས་གནས་ཀྱི་བྷི་ལོ་ཧོ་རིབ་ཀ་གྲོང་ཁྱེར་བཅིངས་འགྲོལ་བཏང་ཟིན། ང་ཚོ་ཚང་མས་ལུ་ཧན་ཛིཀ་མངའ་ཁུལ་གྱི་བཙན་འཛུལ་བ་རྣམས་མཐར་སྐྲོད་གཏོང་བའི་དཔུང་འཇུག་ཆེན་པོ་ཞིག་འབྱུང་རྒྱུ་དེར་ངང་སྒུག་བྱ་དགོས། ལུ་ཧན་ཛིཀ་མངའ་ཁུལ་དུ་དཔུང་འཇུག་བྱ་རྒྱུ་ནི་ཁར་ཀིབ་མངའ་ཁུལ་ལ་དཔུང་བྱས་པ་ལས་ཀྱང་དཀའ་ངལ་ཆེ། དགྲ་ཕྱོགས་ནས་འགོག་རྒོལ་གྱི་གྲ་སྒྲིག་བྱས་ཡོད་པ་དང་ང་ཚོས་ས་ཆ་སོར་མོ་རེ་རེ་བཞིན་འཐབ་འཁྲུག་བརྒྱབ་ནས་ལེན་དགོས་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

དེང་སྐབས་ཨུ་རུ་སུའི་དམག་གིས་སྔར་བཞིན་ཡུཀ་རེན་གྱི་ས་ཆ་བཙན་འཕྲོག་བྱས་པ་རྣམས་འཛིན་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་དུ་གྱུར། ལུ་ཧན་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་གཞུང་གི་དྲྭ་ཚིགས་སུ་ས་གནས་དེའི་འགོ་ཁྲིད་གཞོན་པ་ལི་ན་ཝོ་ཀ་ལོ་ཝ་ཞེས་པ་ཞིག་གིས་མི་དམངས་ལ་མང་མོས་འོས་བསྡུ་བྱས་ནས་སྔ་ཙམ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཁོངས་སུ་ཟླ་སྒྲིལ་བྱེད་དུ་འཇུག་དགོས། ང་ཚོ་མེས་རྒྱལ་གྱི་པང་དུ་ལོག་འདོད་ཡོད་པའི་མངོན་འདོད་འགྲུབ་ཏུ་འཇུག་དགོས་ཞེས་བཀོད། དེ་བཞིན་ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ས་གནས་གཞུང་གི་འགོ་ཁྲིད་ཨ་ལིཀ་ཛན་ཌར་ཀོབ་མན་གྱིས་ང་ཚོའི་རྒྱལ་ཁབ་གཉིས་ཀྱི་བར་དུ་མཚམས་ཟེར་བ་ཞིག་མེད། ད་ལྟ་གསར་དུ་བཟོས་པའི་ས་མཚམས་དེ་མེད་པར་གཏོང་དགོས། ཅིའི་ཕྱིར་ཞེ་ན་ང་ཚོའི་བསམ་བློའི་ནང་དུ་སྔ་མོ་ནས་ས་མཚམས་མེད་པར་བཏང་ཟིན། ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་རུ་སུའི་ཆ་ཤས་སུ་བསྒྱུར་དགོས་ཞེས་འབོད་སྐུལ་ཞུས། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དེར་ཕུ་ཊིན་གྱིས་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ་ས་གནས་གཉིས་རང་བཙན་རྒྱལ་ཁབ་ཡིན་ཞེས་ངོས་ལེན་བྱས་པར་མ་ཟད། མོ་སི་ཀོའི་གཞུང་འབྲེལ་མི་སྣ་ཚོས་ཨུ་རུ་སུའི་དམག་གིས་བཙན་བཟུང་བྱས་པའི་ཡུཀ་རེན་གྱི་ས་གནས་ཁག་ལ་མང་མོས་འོས་བསྡུ་བྱས་ནས་ས་གནས་དེ་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་བསྡུ་དགོས་ཞེས་གླེང་། ཉེ་ཆར་ཡུཀ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་བཟུང་སྟེ་ཨུ་རུ་སུས་མང་མོས་འོས་བསྡུ་བྱ་རྒྱུའི་དམིགས་ཡུལ་རྣམས་མ་གྲུབ། དཔེར་ན་ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་ཁར་ཀིབ་ས་གནས་སུ་མང་མོས་འོས་བསྡུ་བྱ་རྒྱུའི་འཆར་འགོད་བྱས་ཀྱང་ལག་བསྟར་མ་ཐུབ།།

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕུ་ཊིན་གྱི་ཕྱོགས་གཏོགས་པ་དང་དམག་འཁྲུག་ལ་རྒྱབ་སྐྱོར་བྱེད་མཁན་ཁག་ཅིག་གིས་ཡུཀ་རེན་གྱི་གྱེན་ལོག་ས་གནས་གཉིས་ཨུ་རུ་སུའི་མངའ་ཁོངས་སུ་བསྡུ་དགོས་པའི་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཨུ་རུ་སུའི་དེ་རིང་ཞེས་པའི་བརྙན་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་མར་གྷ་རི་ཏ་སི་མོ་ཎི་ཡན་གྱིས་དེ་རིང་མང་མོས་འོས་བསྡུ་བྱོས། སང་ཉིན་ས་གནས་དེ་དག་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་ཆ་ཤས་སུ་གཏོགས་པའི་ཁྱབ་བསྒྲགས་བྱོས། གནངས་ཉིན་ཨུ་རུ་སུའི་མངའ་ཁོངས་སུ་གཏོར་རྒོལ་ཕོག་སྟེ་ཡུཀ་རེན་དང་ནུབ་ཆིངས། ཨུ་རུ་སུ་བཅས་ཀྱིས་དམག་འཁྲུག་རྒྱོབ། ད་ལྟའི་བར་དུ་ཨུ་རུ་སུས་འཛེམ་ཟོན་བྱས་ནས་རང་ཚོད་འཛིན་གྱི་ཡོད་པ་མེད་པར་འགྱུར་རྒྱུ་རེད་ཅེས་བསྒྲགས། ཨུ་རུ་སུའི་གཡས་ཤོག་པ་ཚོས་ཕུ་ཊིན་ལ་རྒྱལ་ཡོངས་དམག་སྐུལ་བྱ་དགོས། ཡུཀ་རེན་ལ་གཏོར་རྒོལ་དྲག་པོ་བྱ་དགོས་ཞེས་གནོན་ཤུགས་སྤྲད། ཨུ་རུ་སུའི་གཡོན་ཤོག་པ་ཚོས་ཕུ་ཊིན་གྱིས་རྒྱལ་ཁབ་དང་མི་དམངས་གཉིས་ཀ་ཕུང་ལ་སྦྱོར་གྱི་འདུག ཡུཀ་རེན་གྱི་དམག་འཁྲུག་ནི་ཆག་སྒོ་ཆེན་པོ་ཞིག་ཏུ་འགྱུར་གྱི་ཡོད་པ་དང་ཕུ་ཊིན་གནས་དབྱུང་བཏང་སྟེ་ཁྲིམས་ལ་སྦྱོར་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ། རྒྱལ་སྤྱིའི་ཐོག་ཏུ་ཕུ་ཊིན་གྱི་གྲོགས་པ་ཚོས་ཡུཀ་རེན་གྱི་དམག་འཁྲུག་ལ་འཐད་པ་མེད་པའི་རྣམ་འགྱུར་བསྟན། གཟའ་འཁོར་སྔོན་མར་ཕུ་ཊིན་དང་ཞིས་ཅིན་ཕིང་གཉིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཨུ་ཛི་བྷེ་ཀི་སི་ཐན་དུ་ཐུག་འཕྲད་གྲོས་མོལ་བྱས་པའི་སྐབས་སུ་ཕུ་ཊིན་གིས་རྒྱ་ནག་ལ་བློ་འཚབ་ཡོད་པ་དང་དོགས་པ་ཡོད་པ་ཁག་ལ་ང་ཚོས་ལན་འདེབས་བྱས་ནས་སེལ་འདོད་ཡོད་ཅེས་བཤད། རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཕུ་ཊིན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་སྐབས་སུའང་སྲིད་བློན་མོ་དྷིས་ད་ལྟའི་དུས་སྐབས་ནི་དམག་འཁྲུག་གི་དུས་སྐབས་ཤིག་མ་རེད། ཞི་བ་དང་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་བཅད་དེ་མདུན་བསྐྱོད་བྱ་དགོས་ཞེས་ནན་བརྗོད་བྱས་ཤིང་། ཕུ་ཊིན་གྱིས་ངས་སྐུ་ཉིད་ནས་ཡུཀ་རེན་གྱི་འཁྲུག་རྩོད་ལ་འཛིན་པའི་ལངས་ཕྱོགས་དང་རྟག་ཏུ་གླེང་སློང་གནང་གི་ཡོད་པའི་བློ་འཚབ་རྣམས་ཤེས་ཀྱི་ཡོད། ང་ཚོས་གང་ཐུབ་ཀྱིས་དམག་འཁྲུག་འདི་མྱུར་དུ་མཚམས་འཇོག་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུ་ཡིན་ཞེས་ལན་བཏབ།།

ཕྱི་ཟླ་༩་པའི་ཚེས་༢༠་ཉིན་ཡ་ཧུ་གསར་ཁང་གིས་ཡུཀ་རེན་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཁང་གི་གནས་ཚུལ་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་ཌོ་ནེ་ཛིཀ་ས་གནས་སུ་ཆགས་ཡོད་པའི་དྭངས་ལྕགས་དང་ལྕགས་ཀྱི་བཟོ་གྲྭའི་བཟོ་པ་༥༠༠་ཐམ་པ་དམག་ཁོངས་སུ་བསྡུས། ཕྱི་ཟླ་༩་པའི་ཚེས་༡༤་ནས་བཟོ་གྲྭའི་བཟོ་པ་རྣམས་དམག་ཁྲལ་རྒྱག་དགོས་པའི་ཐག་བཅད། ༢༠༡༤་ལོར་ཨུ་རུ་སུས་བཙན་འཕྲོག་བྱས་པའི་ཁེ་རེ་མཱི་ཡ་ས་ཁུལ་གྱི་སྐྱེས་པ་རྣམས་གནས་སྐབས་རིང་ས་གནས་གཞན་ལ་འགྲུལ་སྐྱོད་བྱེད་མི་ཆོག་ཅེས་བཀག ཨུ་རུ་སུའི་དམག་དཔུང་དང་ཡུཀ་རེན་གྱི་ཁ་བྲལ་ས་གནས་ཁག་གི་ཡུལ་དམག་གཉིས་མཉམ་དུ་བསྡུས་ནས་དམག་སྡེ་གསར་པ་༤་བཙུགས། དམག་སྡེ་གསར་པ་དེ་དག་གི་དམག་དཔོན་གྱི་གོ་གནས་དེ་ཚོར་ཨུ་རུ་སུའི་རྒྱང་ཤར་མངའ་ཁུལ་གྱི་དམག་དོན་མཐོ་སློབ་ཀྱི་སློབ་ཕྲུག་རྣམས་བསྐོས། ཨུ་རུ་སུའི་དམག་གི་འགོ་ཁྲིད་ཚོས་འཛམ་གླིང་དམག་ཆེན་གཉིས་པའི་འཐབ་ཇུས་ལྟར་དམག་དཔུང་བཀོད་སྒྲིག་བྱེད་ཀྱི་འདུག ཁོ་ཚོ་དུས་རབས་ཀྱི་འཕོ་འགྱུར་དང་དམག་འཁྲུག་གི་འཐབ་ཇུས་ལ་འགྱུར་བ་འགྲོ་བཞིན་པ་དེའི་རྗེས་ཟིན་གྱི་མི་འདུག་ཅེས་བསྟན། ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་དཔུང་འཇུག་འགོག་ཐབས་སུ་རྡུལ་ཕྲན་གློག་ཁང་ཁག་ལ་འཕུར་མདེལ་བརྒྱབ་ནས་མདུན་བཀག ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་ཨུ་རུ་སུའི་དམག་གིས་རྡུལ་ཕྲན་གློག་ཁང་ཁག་ལ་གཏོར་རྒོལ་བྱས་ནས་འཇིགས་སྐུལ་རིང་ལུགས་ཀྱི་འཐབ་ཇུས་ལག་ལེན་བསྟར་གྱི་འདུག ཨུ་རུ་སུས་འཛམ་གླིང་ཡོངས་ལ་ཉེན་ཁ་འཕྲད་དུ་འཇུག་ས་རེད། ང་ཚོས་འཕྱི་མ་དྲགས་གོང་དུ་རྡུལ་ཕྲན་གློག་ཁང་ཁག་ལ་གཏོང་རྒོལ་འཕོག་གི་ཡོད་པ་ངེས་པར་འགོག་དགོས་ཞེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ།།

ཕྱི་ཟླ་༩་པའི་ཚེས་༡༥་ཉིན་བྷི་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་གཞུང་ལ་དམག་མི་འདང་ངེས་མེད་པའི་དཀའ་ངལ་སེལ་ཐབས་སུ་བཙོན་པ་ཚོར་ཉེས་ཡངས་བཏང་ནས་ཡུཀ་རེན་གྱི་དམག་སར་གཏོང་གི་ཡོད་ཅིང་། ཨུ་རུ་སུའི་ཝེ་གྷ་ནར་ཞེས་པའི་སྒེར་གྱི་གླས་དམག་ཚོགས་པའི་འགོ་ཁྲིད་ཡེབ་གྷེ་ཎི་པ་རི་གོ་ཞིན་གྱིས་བཙོན་པ་དམག་ལ་བཏང་ན་སྐྱོན་བརྗོད་བྱེད་མཁན་ཚོའི་ཕྲུ་གུ་རྣམས་དམག་ལ་ཐོངས་ཞེས་ལན་བསློགས། ཁོ་པ་ཨུ་རུ་སུའི་བཙོན་ཁང་ཁག་ཏུ་བསྐྱོད་ནས་བཙོན་པ་ཚོ་ཟླ་བ་༦་གི་རིང་དམག་ཁོངས་སུ་ཞུགས་ན་དེའི་རྗེས་སུ་གློད་གྲོལ་བཏང་བ་ཡིན། གལ་སྲིད་ཡུཀ་རེན་གྱི་དམག་སར་འབྱོར་ཏེ་སྐྲག་ནས་བྲོས་ན་གསོད་ངེས་ཡིན་ཞེས་དམག་སྐུལ་བྱེད་ཀྱི་ཡོད་པའི་བརྙན་འཕྲིན་ཞིག་དྲྭ་ལམ་དུ་ཁྱབ། པ་རི་གོ་ཞིན་གྱིས་ང་བཙོན་ཁང་དུ་ཚུད་ཡོད་པ་ཞིག་ཡིན་ན་ཝེ་གྷ་ནར་གླས་དམག་ཁོངས་སུ་ཞུགས་ཏེ་མེས་རྒྱལ་ལ་དྲིན་གཟོ་རྒྱུའི་བསམ་བློ་འཁོར་ས་རེད། སྒེར་དམག་དང་བཙོན་པ་བཏང་ནས་དམག་རྒྱག་པའམ། ཡང་ན་ཁྱེད་རང་ཚོའི་ཕྲུ་གུ་བཏང་ནས་དམག་དམག་འཁྲུག་རྒྱག་དགོས་པའི་གདམ་ཀ་ལས་མི་འདུག་ཅེས་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། དབྱིན་ཇིའི་རྒྱལ་སྲུང་ལྷན་ཁང་གིས་ཨུ་རུ་སུས་བཙོན་པ་དམག་ལ་གཏོང་གི་ཡོད་པ་ནི་དམག་དཔུང་འདང་ངེས་མེད་པའི་རྟགས་མཚན་རེད་ཅེས་བསྡོམས་བརྒྱབ། ཨུ་རུ་སུའི་ཁྲིམས་ལུགས་སུ་བཙོན་པ་དམག་ལ་བཏང་ནས་གློད་གྲོལ་གཏོང་མི་ཆོག་པ་དང་གླས་དམག་རྣམས་དམག་འཁྲུག་ལ་མཉམ་ཞུགས་བྱེད་དུ་འཇུག་མི་ཆོག་ཅེས་འཁོད། འོན་ཀྱང་ཝེ་གྷ་ནར་གླས་དམག་ཚོགས་པའི་འགོ་ཁྲིད་པ་གོ་ཞིན་གྱིས་སུ་ཞིག་ཝེ་གྷ་ནར་གླས་དམག་ཚོགས་པའི་ཁོངས་སུ་ཞུགས་ཏེ་ཟླ་བ་༦་གི་དམག་ཁྲལ་བརྒྱུག་ན་བསྐྱར་དུ་བཙོན་ཁང་དུ་འཇུག་མི་སྲིད་ཅེས་ཁས་ལེན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG