ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༧

རྒྱ་གར་དང་བལ་ཡུལ་དུ་བོད་པ་༡༤༨་ལ་ནད་དུག་འགོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བཙན་བྱོལ་དུ་ཏོག་ནད་དང་འགོག་ཁབ་ཀྱི་གནས་སྟངས།

༄༅།། ཕྱི་ཟླ་བདུན་པའི་ཚེས་༡༥་ཉིན་བོད་མིའི་སྒྲིག་འཛུགས་དབུས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་གསར་འགོད་གསལ་བསྒྲགས་སྐབས་སུ་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་རྒྱ་གར་རྒྱལ་ཡོངས་སུ་ནད་རླབས་གཉིས་པ་ཅུང་ཙམ་འཇོམས་ནས་འགྲོ་འོང་བཀག་སྡོམ་ཁག་རིམ་བཞིན་ལྷོད་ཡངས་གཏོང་གི་ཡོད་ཀྱང་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་བདུན་ཕྲག་འདིར་མི་༡༤༨་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་འདུག འདི་ནི་བདུན་ཕྲག་སྔོན་མར་བསྡུར་ན་ནད་པ་བརྒྱ་ཡས་མས་ཤིག་མང་དུ་ཕྱིན་འདུག་ཅེས་བསྒྲགས།།

སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་བདུན་ཕྲག་འདིར་བྱུང་བའི་ནད་པའི་གྲས་སུ་ཟླ་བ་དྲུག་གི་བྱིས་པ་ནས་ལོ་ན་༩༦་ལ་སོན་པའི་བགྲེས་སོང་བཅས་ཚུད་ཀྱང་ནད་དུག་གིས་འཆི་སྐྱོན་བྱུང་བ་གཅིག་ཀྱང་བྱུང་མ་སོང་། གཙོ་བོ་སྨན་ཁབ་བརྒྱབ་ཡོད་མེད་ལ་ཁྱད་པར་ཆེན་པོ་འདུག བོད་པ་ཚོས་གཟབ་ནན་བྱ་གལ་ཆེ་ཞེས་ནན་གྱིས་བསྐུལ། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པར་སྔོན་འགོག་གི་གྲ་སྒྲིག་ཆེད་དུ་སློབ་ཕྲུག་ཚོར་དམིགས་བསལ་དོ་ནན་བྱ་རྒྱུ། འདས་པའི་བདུན་ཕྲག་དེར་སྦེལ་ཀོབ་བོད་མིའི་གཞིས་སྒར་དུ་ནད་པའི་གྲངས་འབོར་མང་དུ་ཕྱིན་ཡོད་པར་མ་ཟད། སྨན་ཞབས་པ་སོགས་སྲི་ཞུ་བའི་གྲས་སུའང་ནད་དུག་འགོ་མཁན་བྱུང་ཡོད་པས་ཚང་མས་སྤྱི་ཚོགས་ལ་འགན་ཁུར་ལེན་རྒྱུ་གལ་ཆེན་ཡིན་ཞེས་འབོད་སྐུལ་ཞུས་འདུག

དེང་སྐབས་རྒྱ་གར་དང་བལ་ཡུལ་ཕྱོགས་སུ་ཆར་ཞོད་ཀྱི་དུས་སྐབས་ཡིན་པས་ནད་རིགས་འདྲ་མིན་ཞིག་ཁྱབ་བརྡལ་འགྲོ་སླ། ཆར་ཞོད་ཀྱི་རིང་འདིར་ཀུན་གྱིས་ཡིད་གཟབ་བྱ་དགོས། བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བོད་མིའི་གཞིས་སྒར་ཁག་ཏུ་བོད་པ་ཚོས་སྨན་ཁབ་གང་མང་རྒྱག་ཐུབ་ཐབས་སུ་འབད་བརྩོན་བྱས་ནས་གྲུབ་འབྲས་ཐོན་པའི་གྲངས་ཐོ་ཞིག་གསལ་བསྒྲགས་སྤེལ། ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་དགོས་མཁན་ཚོར་སྨན་ཁབ་དང་པོ་དང་གཉིས་པའི་བར་དུ་དུས་ཡུན་ཉིན་གྲངས་༨༤་བཞག་ནས་སྨན་ཐུན་གཉིས་པའི་འགོག་ཁབ་རྒྱག་དགོས་པར་དོ་སྣང་བྱ་དགོས། བལ་ཡུལ་གྱི་བོད་པ་ཚོས་ཨ་རིའི་ཇཱོན་སན་དང་ཇཱོན་སན་སྨན་སྦྱོར་བཟོ་ཚོང་ཁང་གིས་བཟོས་པའི་འགོག་ཁབ་རྒྱག་ཐུབ་ན་ཤིན་ཏུ་ལེགས་ཞེས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ངོ་སྤྲོད་གནང་སོང་། ཁོང་གིས་བུད་མེད་ཟླ་མཚན་འབབ་མཁན་ཚོས་སྨན་ཁབ་བརྒྱབ་ན་སྐྱོན་ཆ་མེད་ཀྱང་སྦྲུམ་མ་ཚོས་སྨན་ཁབ་རྒྱག་སྟངས་ལ་སྨན་པར་ལམ་སྟོན་ཞུ་དགོས་ཞེས་རྒྱུས་སྟོན་གནང་འདུག

ད་ལྟའི་དུས་སྐབས་འདིར་འཛམ་གླིང་གི་ས་ཕྱོགས་གང་སར་ཌེལ་ཊ་ཞེས་འབོད་པའི་ངོ་བོ་ཉིས་འགྱུར་གྱི་ཏོག་དབྱིབས་ཀྱི་ནད་དུག་རྒྱལ་ཁབ་༡༤༠ ལྷག་ལ་ཁྱབ་བརྡལ་ཕྱིན་ནས་ས་ཁུལ་ཁག་ཅིག་ལ་དཀའ་ངལ་ཚབས་ཆེན་འཕྲད་བཞིན་འདུག རྒྱ་གར་དང་བལ་ཡུལ་ནས་འཕྲོད་བསྟེན་ལས་ཁུངས་ལ་ཐོ་འགོད་བྱུང་བར་གཞིགས་ན། ད་ལྟའི་བར་དུ་བོད་པ་བཙན་བྱོལ་བ་༥༣༥༩་ལ་ནད་དུག་འགོས་པ་དང་མི་༤༨༩༧་དྲག་སྐྱེད་བྱུང་བ། མི་༡༣༢་ལ་འཆི་སྐྱོན་བྱུང་བ་དང་སྨན་བཅོས་བྱེད་བཞིན་པ་༣༢༧་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG