ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པ་བཙན་བྱོལ་བའི་དགུན་ཚོང་གཉེར་རྒྱུའི་མང་མོས་ཐག་གཅོད།


༄༅།། རྒྱ་གར་དུ་གནས་འཁོད་བོད་པ་བཙན་བྱོལ་བའི་འཚོ་རྟེན་གཙོ་བོ་ཞིག་ནི་ལོ་ལྟར་རྒྱ་གར་རྒྱལ་ཡོངས་ཀྱིི་གྲོང་ཁྱེར་ཆེ་ཁག་ཏུ་དགུན་ཁར་བལ་གོས་ཚོང་འགྲེམ་གྱི་ཚོང་ལས་ཡིན་ཞིང་། རྒྱ་གར་ལྷོ་ཕྱོགས་ནི་བོད་པ་བཙན་བྱོལ་བའི་མི་འབོར་མང་ཤོས་ཀྱི་ས་གནས་ཡིན་རུང་སྔ་ལོ་ཏོག་དབྱིབས་ནད་དུག་གིས་དགུན་ཚོང་གཉེར་ཐུབ་མེད་པ་རེད། ཉེ་ལམ་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དྲྭ་ལམ་དུ་ཚོགས་འདུ་ཚོགས་ཏེ་ལོ་འདིར་བོད་པ་ཚོ་དགུན་ཚོང་ལ་བསྐྱོད་རྒྱུའི་མང་མོས་ཐག་གཅོད་བྱུང་སོང་ཞེས་བྷན་དྷ་ར་གཞིས་ཆགས་ཀྱི་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆོས་ཀྱི་རྒྱལ་མཚན་གྱིས་གསལ་བསྒྲག་སྤེལ།།

བོད་པ་བཙན་བྱོལ་བའི་ཚོང་པའི་མཐུན་ཚོགས་ཀྱིས་བོད་པ་ཚོང་པ་ཚོར་འདི་ལོ་དགུན་ཚོང་ལ་བསྐྱོད་པར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཐུན་གཉིས་ཀྱི་འགོག་ཁབ་རྒྱག་དགོས་པ་དང་ནད་རྟགས་མེད་པའི་དཔང་ཡིག་སྟོན་དགོས་པའི་ཆ་རྐྱེན་བཞག་ཡོད་པར་མ་ཟད། སྔོན་ནས་ས་གནས་སོ་སོར་ཁྲོམ་སའི་ཆོག་མཆན་ཞུ་དགོས་པའི་ལམ་སྟོན་གནང་འདུག ན་ནིང་ལོ་ཧྲིལ་པོར་ཚོང་རྒྱག་ཐུབ་མེད་པས་ཚོང་པ་ཚོར་ཚོང་གི་ཁེ་བབ་མེད་པར་ལོ་གཅིག་གི་དོད་ཁང་དང་སྡོད་གནས་ཀྱི་ཁང་གླ་རྣམས་ཆད་ལུས་མེད་པར་སྤྲོད་དགོས་བྱུང་སྟེ་གྱོང་གུན་ཆེན་པོ་ཕོག ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་ཀྱི་ཚོང་པ་ཚེ་རིང་རྡོ་རྗེ་ཅུང་ལགས་ཀྱིས་འདི་ལོ་དགུན་ཚོང་གཉེར་རྒྱུ་ཡིན། འོན་ཀྱང་དངོས་ཟོག་བརྒྱ་ཆ་༢༥་ཙམ་མ་གཏོགས་འདོན་ཐུབ་ས་མ་རེད་ཅེས་བསྟན།།

བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ལྷོ་ཕྱོགས་འཇར་གན་ས་གནས་ཀྱི་ཚོང་པ་ཚོགས་པའི་ཚོགས་གཙོ་ཧུན་སུར་རབ་རྒྱས་གླིང་གི་ཟླ་བ་རྒྱལ་པོས་རང་གི་ཁྱབ་ཁོངས་སུ་ཡོད་པའི་ཚོང་པ་ཚོས་ཚོང་སྒོ་འབྱེད་རྒྱུར་ས་གནས་རྒྱ་གར་གྱི་འབྲེལ་ཡོད་ཚན་པ་ཁག་གི་ཆོག་མཆན་འཐོབ་རྒྱུ་ཡིན་མིན་བཤད་ཁག་པོ་རེད་ཅེས་བཤད། ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཚོང་པའི་མཐུན་ཚོགས་ཀྱི་ཁྱབ་ཁོངས་སུ་ས་གནས་ཁག་༢༣༥་དང་ཁྲོམ་ས་༣༠༠༠་ལྷག་ཡོད་ཅིང་། ལོ་ལྟར་ཕྱི་ཟླ་༦་པ་ཡས་མས་ནས་ཚོང་ཟོག་འདོན་པ་དང་ཕྱི་ཟླ་༡༠་པ་ནས་ཚོང་ལས་དངོས་གཞི་འགོ་ཚུགས། དུས་ཡུན་ཟླ་བ་གསུམ་རིང་ལ་ཚོང་བརྒྱབ་སྟེ་བོད་ཀྱི་ལོ་སར་གོང་གི་ཕྱི་ཟླ་གཉིས་པའི་ཟླ་མགོར་དགུན་ཚོང་མཇུག་སྒྲིལ་གྱི་ཡོད་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG