ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༣/༠༡/༢༧

རྒྱ་ནག་གཞུང་གིས་ནད་པའི་ཤི་ཡིག་ནང་དུ་ཏོག་ནད་ཅེས་དགོད་ཀྱི་མེད་པ། 


༄༅།། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བའི་འདས་པོ་རྣམས་ཀྱི་ཤི་ཡིག་ནང་དུ་ཏོག་ནད་ཅེས་དགོད་ཀྱི་མེད་པར་ཤུལ་ལུས་བཟའ་མི་རྣམས་ཁོང་ཁྲོས་བརྟས། ཁོ་ཚོས་རྒྱ་ནག་གཞུང་གིས་ཅི་ཞིག་སྦེད་ཀྱི་ཡོད་ཅེས་དོགས་འདྲི་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག གཟའ་པ་སངས་ཉིན་དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཅང་སུ་ཞིང་ཆེན་གྱི་ལོ་ན་༢༣་ལ་སོན་པའི་རུས་མིང་ཝང་ཞེས་པའི་ན་གཞོན་མ་ཞིག་གིས་ངའི་ཨ་ཕ་ལོ་༥༣་ཡིན། ཁོང་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་འཚང་ཁ་ཆེ་བའི་སྨན་ཁང་ཞིག་ཏུ་བདུན་ཕྲག་འགའ་ཞིག་བསྡད། མཐར་ངའི་ཨ་ཕར་བློ་ཚད་ཕོག་སྟེ་གྲོང་སོང་། ཧ་ཅང་ཁྱད་མཚར་ཞིག་ལ་སྨན་ཁང་གི་ཤི་ཡིག་ནང་དུ་ངའི་ཨ་ཕར་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་པ་རེད་ཅེས་བཀོད་མི་འདུག མི་ཞིག་གྲོངས་ཀྱང་དེའི་ཤི་རྐྱེན་ཅི་ཡིན་ཤི་ཡིག་ནང་དུ་གསལ་པོར་དགོད་ཀྱི་མེད་པ་ནི་ཁྱད་མཚར་ཞིག་རེད་ཅེས་འཁང་ར་བཤད། འདས་པོ་འགའ་ཞིག་གི་ཤུལ་ལུས་བཟའ་མི་ཚོས་ང་ཚོའི་ཕ་མ་སོགས་ལ་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་ཀྱང་ཤི་ཡིག་ནང་དུ་གློ་ཚད་དང་སྙིང་གི་ན་ཚ། ན་ཚ་རྙིང་པས་ཤི་བ་རེད་ཅེས་དགོད་པའམ། ཡང་ན་ཤི་རྐྱེན་གཞན་པ་རེད་ཅེས་འབྲི་བ་ལས་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བ་རེད་ཅེས་འབྲི་ཡི་མི་འདུག་ཟེར། རྒྱ་ནག་གི་སྨན་པ་དང་འཕྲོད་བསྟེན་ཆེད་ལས་པ་འགའ་ཞིག་གིས་དངུལ་རྩའི་ཚགས་པར་གྱི་གསར་འགོད་པར་ས་གནས་ཀྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བ་རྣམས་ཀྱི་ཤི་ཡིག་ནང་དུ་ཏོག་དབྱིབས་ནད་དུག་གིས་ཤི་བ་རེད་ཅེས་འབྲི་མི་ཆོག སྨན་ཁང་གི་ཟིན་ཐོའི་ནང་དུའང་དེ་ལྟར་དགོད་མི་ཆོག་པའི་བཀོད་ཁྱབ་བཏང་སོང་ཞེས་བཀྲལ། གལ་སྲིད་མི་ཞིག་རང་ཁྱིམ་དུ་ཤི་ན་འདས་པོ་དེའི་ཤི་ཡིག་སྨན་ཁང་ཁག་དང་ས་གནས་སྨན་ཁང་། དེ་མིན་ན་ས་གནས་ཨོ་ཡོན་ལྷན་ཁང་སོགས་ནས་ལན་དགོས། སྐབས་འགར་ཕུང་པོ་བསྲེག་དགོས་པའི་དུས་སུ་རྒྱ་ནག་གི་ཉེན་རྟོག་ལས་ཁུངས་ཁག་གིས་ཤི་ཡིག་སྤྲོད་སྲོལ་ཡོད་ཅིང་། ན་གཞོན་མ་ཝང་གི་ཨ་ཕ་སྨན་ཁང་དུ་གྲངས་ཡོད་པས་ཤི་ཡིག་དེ་སྨན་ཁང་གིས་འབྲི་དགོས་པ་དང་ཤི་ཡིག་ནང་དུ་ངེས་བཟུང་མེད་པའི་གློ་ཚད་ཀྱིས་གྲོངས་ཞེས་བཀོད།།

དབྱིན་ཇིའི་དངུལ་རྩའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ན་གཞོན་མ་ཝང་གིས་སྨན་པ་ཚོས་ང་ལ་ཨ་ཕའི་ཤི་ཡིག་ནང་དུ་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་པ་རེད་ཅེས་དགོད་ཆོག་གི་མ་རེད་ཟེར་བྱུང་། དེ་ནས་ངའི་ཨ་མ་ཁོང་ཁྲོ་ལངས་ཏེ་ངེས་བཟུང་མེད་པའི་གློ་ཚད་ཀྱིས་མི་གསོད་མི་ཐུབ་ཅེས་རྩོད་པ་བརྒྱབ་ཀྱང་ཕན་ཐོགས་མི་འདུག སྨན་ཁང་གིས་ངའི་ཨ་ཕའི་ཤི་ཡིག་ནང་དུ་ཅི་ཞིག་བྲིས་པ་དེར་ང་ཚོས་མོས་མཐུན་བྱ་དགོས་བྱུང་སོང་ཞེས་བསྟན། ན་གཞོན་མ་ཝང་ལ་བྱུང་བའི་གནས་ཚུལ་འདི་མི་བརྒྱ་ཕྲག་མང་པོར་འབྱུང་གི་ཡོད་པ་སྟེ། རྒྱ་ནག་གི་དྲྭ་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་ཇི་སྙེད་ཅིག་ལྟ་ཀློག་བྱ་རྒྱུ་ཡོད་པའི་གནས་ཚུལ་ཐོན། པེ་ཅིང་བ་ཞིག་གིས་ངའི་མེས་པོ་ལོ་༩༠་གོ་གྲངས་ཡིན། ཁོང་ལ་ཏོག་དབྱིབས་ནད་དུག་འགོས་ནས་ཚ་བ་འཕར་ཏེ་སྨན་ཁང་དུ་བསྡད། ཉི་མ་༣་གྱི་རྗེས་སུ་མེས་པོ་གྲོངས་སོང་། སྨན་པ་ཚོས་ངའི་མེས་པོའི་ཤི་ཡིག་ནང་དུ་སྙིང་གི་ན་ཚས་གྲོངས་པ་རེད་ཅེས་བྲིས་འདུག་པ་ཐེར་འདོན་བྱས་ཤིང་། པེ་ཅིང་གི་རྒྱ་མོ་ཞིག་གིས་ངའི་གྱོས་མོ་ལོ་༩༣་ཡིན་པ་དང་ཏོག་དབྱིབས་ནད་དུག་འགོས་ནས་ཉིན་བཅུར་སྨན་ཁང་དུ་བསྡད་ནས་གྲོངས་སོང་། གྱོས་མོའི་ཤི་ཡིག་ནང་དུ་གླད་ཚད་ཀྱིས་གྲོངས་པ་རེད་ཅེས་བཀོད་འདུག ངའི་གྱོས་མོར་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་པ་རེད་ཅེས་གསར་འགོད་པར་ནང་མོལ་བྱས་འདུག དེ་བཞིན་ཅང་སུ་ཞིང་ཆེན་གྱི་རྒད་པོ་ཞིག་གི་ཚ་བོས་ངའི་མེས་པོར་ཏོག་དབྱིབས་ནད་དུག་འགོས་ནས་དབུགས་གཏོང་ལེན་མ་ཐུབ་པར་གྲོངས་སོང་། ཡིན་ནའང་ཁོང་གི་ཤི་ཡིག་ནང་དུ་ནད་ཚ་རྙིང་པས་གྲོངས་པ་རེད་ཅེས་བྲིས་འདུག འདི་ནི་ཧ་ཅང་གི་ཁྱད་མཚར་ཞིག་རེད་ཅེས་བཤད། རྒྱ་ནག་གི་ཅི་ལིན་ཞིང་ཆེན་གྱི་རྒྱ་མོ་ཞིག་གིས་ངའི་མེས་མོར་ཏོག་དབྱིབས་ནད་དུག་འགོས་ནས་གློ་བ་དཀར་པོར་གྱུར། ཁོང་གི་ཤི་ཡིག་ནང་དུ་སྙིང་གི་ན་ཚ་རྙིང་པས་གྲོངས་པ་རེད་ཅེས་བྲིས་འདུག རྒྱ་ནག་གཞུང་གིས་ཅི་ཞིག་བསམས་པ་ཡིན་ནམ། ཅིའི་ཕྱིར་ཏོག་དབྱིབས་ནད་དུག་འགོས་ནས་གྲོངས་པ་རེད་ཅེས་འབྲི་ཐུབ་ཀྱི་མེད་པ་རེད། དེ་ལ་རྒྱུ་མཚན་ཞིག་ཡོད་ངེས་རེད་ཅེས་དྲིས། ཀོང་ཏུང་གི་སྨན་པ་ཞིག་གིས་ང་ཚོར་གོང་རིམ་གྱི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་མ་འབྲི་ཞེས་བཀའ་བཏང་སོང་། ངས་དེའི་རྒྱུ་མཚན་ཅི་ཡིན་ཤེས་ཀྱི་མེད། གཅིག་བྱས་ནས་རྒྱ་ནག་གཞུང་ངོ་ཚ་ཡི་ཡོད་པ་ཡིན་སྲིད་ཅེས་སྨྲས།།

ཕྱི་ཟླ་དང་པོའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༢་པའི་ནང་དུ་རྒྱ་ནག་གི་ཧྲན་ཐུག་གྲོང་ཁྱེར་གྱི་པུར་སྲེང་ཁང་ཞིག་གིས་ཛ་དྲག་གི་ལས་དོན་ཆེད་དུ་སྲེག་ཐབ་གཉིས་མངགས་ཉོ་བྱས་པར་མ་ཟད། སི་ཁྲོན་ཞིང་ཆེན་གྱི་ཙི་ཀོང་གྲོང་ཁྱེར་གྱི་པུར་སྲེག་ཁང་ཞིག་གིས་ཌི་ཛེལ་སྣུམ་ལི་ཊར་༡༩༦༢༣༠་ཉོས། དེ་ནི་པུར་སྲེག་ཁང་དེའི་ཌི་ཛེལ་སྣུམ་གྱི་མཁོ་དགོས་བརྒྱ་ཆ་༤༠་ཐམ་པ་མང་དུ་ཕྱིན་པ་མཚོན་ཐུབ། ཡིན་ནའང་ཧྲན་ཐུག་དང་ཙི་ཀོང་གྲོང་ཁྱེར་གཉིས་ཀས་སྲེག་ཐབ་དང་ཌི་ཛེལ་སྣུམ་འཐོལ་པ་མངགས་ཉོ་བྱས་པའི་དགོས་པ་ཅི་ཡིན་གསལ་བཤད་མ་བྱུང་། རྒྱ་ནག་ཤར་ཕྱོགས་ཀྱི་ཨན་ཆིང་གྲོང་ཁྱེར་གྱི་པུར་སྲེག་ཁང་ཞིག་གིས་ཕྱི་ཟླ་༡༢་པའི་ཚེས་༡༩་ནས་ཕྱི་ཟླ་དང་པོའི་ཚེས་༤་བར་དུ་རྒྱ་སྒོར་ས་ཡ་༡་དང་འབུམ་༦་སྤྲད་ནས་ཕུང་པོ་སྐྱེལ་འདྲེན་གྱི་རླངས་འཁོར་ཆེན་པོ་གཉིས་དང་པུར་ཁང་དེའི་གློག་ཤུགས་ཇེ་ཆེ། ཕུང་པོ་འཇོག་སའི་འཁྱག་ཁང་རྒྱ་བསྐྱེད། པུར་ཁང་དེའི་ལས་སྣེ་ཚོས་ང་ཚོའི་འཁྱག་ཁང་ཆུང་དྲགས་ཏེ་ཤོང་གི་མེད་པ་དང་འཐེན་སྒམ་རེ་རེ་ཅན་གྱི་འཁྱག་སྒམ་༣༠་ཐམ་པ་ཛ་དྲག་གིས་ཉོས་པ་ཡིན་ཞེས་བཤད། བདུན་ཕྲག་གཉིས་ཀྱི་རྗེས་སུ་ས་གནས་དེའི་ཉེ་འཁོར་དུ་ཆགས་པའི་ཅེ་ཧྲུག་གྲོང་ཁྱེར་གྱི་པུར་ཁང་ཞིག་གིས་ཀྱང་ང་ཚོའི་ཚོང་ལས་དར་རྒྱས་འགྲོ་བཞིན་འདུག ད་སྔ་པུར་ཁང་འདིར་ཡོད་པའི་འཁྱག་སྒམ་ཁག་གིས་འདང་གི་མེད་པ་དང་རྒྱ་སྒོར་འབུམ་༤་སྤྲད་ནས་འཁྱག་སྒམ་གསར་པ་༡༠་དགོས་ཀྱི་འདུག་ཅེས་གསལ་བསྒྲགས་སྤེལ། རྒྱ་ནག་གི་ཀོང་ཏུང་ཞིང་ཆེན་གྱི་པུར་ཁང་ཁག་གིས་ཕྱི་ཟླ་༡༢་པའི་ཚེས་༧་ནས་ཕྱི་ཟླ་དང་པོའི་ཚེས་༦་བར་དུ་རྒྱ་སྒོར་དུང་ཕྱུར་༡་དང་བྱེ་བ་༣་འགྲོ་གྲོན་བཏང་ནས་པུར་ཁང་དང་པུར་སྲེག་ཁང་རྣམས་རྒྱ་སྐྱེད། ཧྲན་ཏུང་ཞིང་ཆེན་གྱི་ཧང་ཐེ་གྲོང་ཁྱེར་གྱི་སྲེག་ཐབ་བཟོ་གྲྭ་ཞིག་གིས་སྐད་འཕྲིན་ནང་དུ་སྲེག་ཐབ་ཀྱི་དགོས་མཁོ་ཇེ་ཆེར་སོང་སྟེ་ང་ཚོས་ཁ་ཐོན་གྱི་མི་འདུག མི་ཊར་གྲུ་བཞི་མ་ཁྲི་ཚོ་༤་ཅན་གྱི་བཟོ་གྲྭ་འདིས་ཉིན་མཚན་གཉིས་ཀར་ཕུང་པོ་སྲེག་སྤྱད་ལྕག་ཐབ་བཟོ་སྐྲུན་བྱེད་ཀྱི་ཡོད་ཅེས་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་༢༩་ཉིན་ཧང་ཐེ་སྲེག་ཐབ་བཟོ་གྲྭས་ཀོང་ཏུང་ཞིང་ཆེན་གཞུང་ལ་རྒྱ་སྒོར་ས་ཡ་༢༣་གྱི་སྲེག་ཐབ་བཟོ་རྒྱུའི་གན་རྒྱ་བཞག རྒྱ་ནག་གཞུང་དང་ཧང་ཐེ་བཟོ་གྲྭ་སོགས་ཀྱིས་སྲེག་ཐབ་དེ་དག་གིས་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བའི་འདས་པོ་རྣམས་ཀྱི་ཕུང་པོ་སྲེག་གི་ཡོད་མེད་གསལ་བཤད་བྱས་མེད་པའི་གནས་ཚུལ་ཐོན་འདུག

ཁ་སང་གཟའ་ཕུར་བུའི་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཕྱི་ཟླ་དང་པོའི་ཚེས་༡༥་སྔོན་གྱི་གཟའ་འཁོར་དེར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་མང་ཤོས་བྱུང་ཡོད་པ་དང་རྒྱ་ནག་གི་སྨན་ཁང་ཁག་ཏུ་ནད་པ་ཁྲི་ཚོ་༦་ལྷག་འདུག རྒྱ་ནག་གཞུང་གིས་ཞིང་ཆེན་ཁག་གི་ནད་པ་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་ཞིབ་ཕྲ་ཞིག་ཕྱིར་བསྒྲགས་བྱ་རྒྱུ་དེར་ངང་སྒུག་བྱེད་བཞིན་ཡོད། རྒྱ་ནག་གི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་བརྒྱ་ཆ་༧༠་ཇེ་མང་དུ་ཕྱིན་ཏེ་མི་གྲངས་༦༣༣༠༧་འདུག འདི་ནི་བདུན་ཕྲག་རེའི་ནད་པའི་གྲངས་འབོར་ཆེས་མང་ཤོས་དེ་ཡིན་པ་དང་ནད་པ་དེ་དག་གི་གྲས་སུ་ཤི་བ་རྣམས་ཚུད་མི་འདུག་ཅེས་གསལ་བསྒྲགས་སྤེལ། ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རྒྱ་ནག་གཞུང་གིས་ལོ་༣་ལ་རྒྱུན་འཁྱོངས་བྱས་པའི་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་བཞག རྒྱ་ནག་མི་དམངས་རྣམས་འགྲིམ་འགྲུལ་བྱེད་མི་ཆོག་པའི་བཀག་སྡོམ་བྱས་པ་ལྷུག་ཡངས་བཏང་ཞིང་། ཉེ་ཆར་རྒྱ་ནག་གཞུང་གིས་ཕྱི་ཟླ་༡༢་པའི་ཚེས་༨་ནས་ཕྱི་ཟླ་དང་པོའི་ཚེས་༡༢་བར་དུ་མི་ཁྲི་ཚོ་༦་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་ཕོག་སོང་ཞེས་གཞི་གྲངས་བཏོན། པེ་ཅིང་སློབ་གྲྭ་ཆེན་མོའི་ཞིབ་འཇུག་པ་ཚོས་རྒྱ་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་ཐོ་དེ་ཧ་ཅང་དམའ་མོ་ཡིན་པ་དང་རྒྱ་ནག་གི་ས་གནས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་ནས་ཤི་བའི་མིའི་གྲངས་འབོར་ནི་གཞུང་གིས་ཕྱིར་བསྒྲགས་བྱས་པ་ལས་ལྡབ་༡༠་མང་བ་ཡོད་ཤས་ཆེ་ཞེས་གནས་ཚུལ་སྤེལ། བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་དབྱིན་ཇིའི་ཨེར་ཧྥི་ནི་ཊི་ཞིབ་འཇུག་ཁང་གིས་ཕྱི་ཟླ་༡༢་པའི་ཚེས་༡་ནས་༢༩་བར་དུ་ཉི་མ་རེ་མི་༡༡༠༠༠་རེ་ཤི་ཡོད་པ་དང་རྒྱ་ནག་གི་ལོ་སར་རྗེས་སུ་ཉིན་ལྟར་མི་༣༦༠༠༠་རེ་འཆི་ཉེན་འདུག ཕྱི་ཟླ་དང་པོའི་ཚེས་༡༢་ནས་ཚེས་༢༧་བར་དུ་མི་གྲངས་ས་ཡ་༦༢་ལ་ནད་དུག་འགོ་རྒྱུ་དང་ཉི་མ་རེར་མི་ས་ཡ་དང་༤་དང་འབུམ་༨་ལ་ནད་དུག་འགོ་སྲིད་པའི་ཚོད་དཔག་བྱས་འདུག རྒྱ་ནག་མི་མང་དུང་ཕྱུར་མང་པོ་གྲོང་ཁྱེར་ཁག་ནས་གྲོང་གསེབ་ལ་ལོ་སར་དུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྲིད་བློན་གཞོན་པ་སུན་ཁྲུན་ལན་གྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་ཡི་མེད་དང་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཛ་དྲག་ཅན་ཉུང་དུ་འགྲོ་བཞིན་འདུག་ཅེས་བཤད། ཡིན་ནའང་རྒྱ་ནག་གི་པུར་ཁང་ཁག་ཏུ་ཕུང་པོ་འཇོག་ས་མེད་པ་དང་པུར་སྲེག་ཁང་དེ་དག་གིས་ཕུང་པོ་བསྲེགས་ཚར་གྱི་མེད་པ། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་པུར་སྲེག་ཁང་གསར་པ་འཛུགས་སྐྲུན་དང་དུར་ཁྲོད་གསར་པ་རྒྱ་སྐྱེད་ཀྱི་ཡོད་པ་བཅས་ཀྱིས་རྒྱ་གཞུང་གི་ཁྱབ་བསྒྲགས་དེ་ཚོར་ཡིད་ཆེས་བྱེད་དཀའ་བ་ཞིག་ཏུ་གྱུར། ཕྱི་ཟླ་དང་པོའི་ཚེས་༧་ནས་ཕྱི་ཟླ་༢་པའི་ཚེས་༡༥་བར་དུ་རྒྱ་ནག་མི་དམངས་རྣམས་ཕར་ཚུར་འགྲོ་སྐྱོད་ཐེངས་དུང་ཕྱུར་༢༠་ལྷག་བྱ་རྒྱུའི་ཚོད་དཔག་བྱས་འདུག པེ་ཅིང་གི་ནུབ་ཕྱོགས་ཀྱི་མེ་འཁོར་འབབ་ཚིགས་སུ་ལོ་ན་༣༠་ཐམ་པར་སོན་པའི་རུས་མིང་ལི་ཟེར་བ་ཞིག་གིས་ང་ནི་ཁྱིམ་དུ་ལོག་རྒྱུར་རྔམ་ནས་བསྡད་ཡོད། ང་ཚོ་རང་གི་བཟའ་མི་ཚོར་མ་ཐུག་པར་ཡུན་རིང་ཕྱིན་སོང་ཞེས་བཤད། ཧྲང་ཧེ་བ་རྩོམ་པ་པོ་གུ་པེ་ཞེས་པ་ཞིག་ལ་མཚོན་ན་ལོ་སར་ནི་མྱ་ངན་གྱི་དུས་སྐབས་ཤིག་ཏུ་གྱུར། ཁོང་གིས་ཝི་པོ་དྲྭ་ཚིགས་སུ་ངས་རང་གི་ཨ་མའི་ཕུང་པོ་བསྲེག་རྒྱུ་དེར་བསྒུགས་ནས་བདུན་ཕྲག་གཉིས་འགྲོ་གྲབས་ཡོད། ང་ཚོར་པུང་སྲེག་ཁང་གིས་ཨ་མའི་ཕུང་པོ་ནམ་བསྲེག་ཐུབ་ཀྱི་ཡོད་མེད་ཀྱི་དུས་ཚོད་གཏན་འབེབས་བྱེད་ཐུབ་ཀྱི་མི་འདུག ལོ་སར་གྱི་དུས་འདིར་ཁ་ངན་སྒྲོགས་མི་ཉན་ཟེར། དེས་ན་ང་ལ་རང་གི་ཨ་མར་མྱ་ངན་ཞུ་ཆོག་པར་ཞུ་ཞེས་འཕྲིན་ཐུང་ཞིག་བྲིས། གུ་པེས་རང་གི་ཨ་མའི་འཆི་རྐྱེན་ཅི་ཡིན་གསལ་བཀྲོལ་བྱས་མེད་པ་དང་རྒྱ་ནག་གི་པུང་ཁང་དེ་དག་གི་ནང་དུ་རོ་ཐུམ་བརྒྱབ་པའི་ཕུང་པོ་བརྒྱ་ཕྲག་མང་པོ་བསྒྲིགས། ས་གནས་ཁག་ཅིག་གི་ཤ་འཇོག་སའི་འཁྱག་ཁང་ནང་དུ་མི་ཤི་བའི་ཕུང་པོ་བརྩིགས། གྲོང་ཁྱེར་ཁག་ཅིག་གི་ས་འོག་གི་རླངས་འཁོར་འཇོག་ཡུལ་རྣམས་ཀྱང་གནས་སྐབས་རིང་ཕུང་པོ་འཇོག་སར་བསྒྱུར་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG