ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་མི་མང་འབུམ་ཕྲག་འགའ་ཞིག་ནད་དུག་གིས་ཤི་ཡོད་པའི་ཚོད་དཔག 


༄༅།། རྒྱ་ནག་གཞུང་གིས་མི་ཁྲི་ཚོ་༦་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་གསར་པ་ཞིག་ཕྱིར་བསྒྲགས་བྱས་པ་དང་དོན་དངོས་སུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ནི་ལྡབ་བཅུ་ཙམ་མང་བ་ཡོད་པའི་ཚོད་དཔག་བྱས་འདུག གཟའ་མཇུག་དེར་རོ་ཡེ་ཊར་སི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༡༢་པའི་ཚེས་༧་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཙང་སེལ་གྱི་སྲིད་ཇུས་མཚམས་འཇོག་བྱས་ནས་བཟུང་། ད་ལྟའི་བར་དུ་རྒྱ་ནག་མི་མང་དུང་ཕྱུག་༩་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་ཡོད་ཅིང་། གཟའ་སྤེན་པའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་སྨན་སྦྱོར་འཛིན་སྐྱོང་སྡེ་ཚན་གྱི་འགན་འཛིན་ཅའོ་ཡ་ཧུས་ཕྱི་ཟླ་༡༢་པའི་ཚེས་༨་ནས་ཕྱི་ཟླ་དང་པོའི་ཚེས་༡༢་བར་དུ་མི་༥༩༩༣༨་ལ་ཏོག་དབྱིབས་ནད་དུག་དང་འབྲེལ་ནས་འཆི་སྐྱོན་བྱུང་སོང་། རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ངར་སྒང་དེ་ཡོལ་ཚར་ཡོད་པ་དང་སྨན་ཁང་ཁག་ཏུ་ཛ་དྲག་གི་ནད་པ་ཇེ་ཉུང་དུ་འགྲོ་བཞིན་འདུག ནད་པ་༥༥༠༣་གྱིས་དབུགས་འབྱིན་རྔུབ་མ་ཐུབ་པར་གྲོངས་པ་རེད་ཅེས་བཀྲལ། རྒྱ་ནག་གི་སྨན་ཁང་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་རྣམས་སྙལ་ས་མེད་པ་དང་པུར་ཁང་ཁག་ཏུ་ཕུང་པོ་འཇོག་ས་མེད་པ། པུར་སྲེག་ཁང་དེ་དག་གིས་ཉིན་མཚན་མེད་པར་ཕུང་པོ་བསྲེགས་ཚར་གྱི་མེད་པ་དང་རྒྱ་ནག་གི་ས་གནས་གང་སར་པུར་སྲེག་ཁང་གསར་པ་འཛུགས་སྐྲུན་དང་དུར་ཁྲོད་གསར་པ་རྒྱ་བསྐྱེད་ཀྱི་ཡོད་པ་བཅས་ཀྱིས་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་འབུམ་ཕྲག་མང་པོར་འཆི་སྐྱོན་འཕོག་གི་ཡོད་པ་ར་འཕྲོད། རྒྱལ་སྤྱིའི་ཉམས་ཞིབ་པ་ཚོས་ལོ་འདིར་ཉུང་མཐའ་ཡང་རྒྱ་ནག་པ་ས་ཡ་༡་ལྷག་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་རྒྱུའི་ཚོད་དཔག་བྱས་འདུག ཕྱི་ཟླ་དང་པོའི་ཚེས་༡༤་བར་དུ་རྒྱ་ནག་གཞུང་གིས་༢༠༡༩་ཡི་ལོ་མཇུག་དེར་ཏོག་དབྱིབས་ནད་དུག་ཁྱབ་ནས་བཟུང་སྟེ་མི་༥༠༠༠་ལྷག་མ་གཏོགས་ཤི་མེད་ཅེས་ཨུ་ཚུགས་བརྒྱབ།།

ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་ཨ་རིའི་ཊེམ་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོའི་སྤྱི་དམངས་འཕྲོད་བསྟེན་སློབ་གླིང་གི་ནད་ཡམས་བརྟག་དཔྱད་རིག་པའི་སྡེ་ཚན་གྱི་འགན་འཛིན་ཀྲང་ཙུག་ཧྥེང་གིས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་མིའི་འཆི་སྐྱོན་གྱི་གྲངས་འབོར་དེ་བཅུ་ཆའི་གཅིག་ཙམ་ཡིན་སྲིད། རྒྱ་གཞུང་གི་གསལ་བསྒྲགས་དེ་གཞུང་གི་སྨན་ཁང་ཁག་ནས་ཐོན་པའི་གྲངས་འབོར་དེ་རེད། དེ་ནི་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་འཕོག་གི་ཡོད་པའི་གྲངས་ཚད་ཀྱི་ཟུར་ཆ་ཞིག་ཡིན་ཤས་ཆེ། པེ་ཅིང་སློབ་གྲྭ་ཆེན་མོའི་རྒྱལ་ཡོངས་འཛུགས་སྐྲུན་སློབ་གླིང་གིས་ཕྱི་ཟླ་དང་པོའི་ཟླ་དཀྱིལ་དུ་རྒྱ་ནག་གི་མི་འབོར་བརྒྱ་ཆ་༦༤་ལ་ཏོག་དབྱིབས་ནད་དུག་འགོས་ཟིན་ཡོད་པའི་སྙན་ཐོ་བཏོན་འདུག དེས་ན་འདས་པའི་བདུན་ཕྲག་ལྔའི་ནང་དུ་མི་འབུམ་༩་ཤི་ཡོད་པ་སྒྲུབ་ཐུབ། རྒྱ་གཞུང་གིས་ནད་རླབས་དང་པའི་སྐབས་སུ་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་དེའི་བརྒྱ་ཆ་༧་ལས་ཉུང་བ་ཞིག་ཕྱིར་བསྒྲགས་འདུག་ཅེས་བསྟན། དེ་བཞིན་བྷུ་ལུམ་བྷག་གསར་འགྱུར་ལས་ཁུངས་ཀྱིས་ཀྱང་རྒྱ་ནག་གིས་ཉི་མ་རེར་ཆ་མཉམ་མི་ས་ཡ་༡་རེར་ཏོག་དབྱིབས་ནད་དུག་འགོས་པ་དེའི་ནང་ནས་མི་༡.༡༧་ལ་འཆི་སྐྱོན་ཕོག་པ་རེད་ཅེས་ཕྱིར་བསྒྲགས་བྱས་འདུག་པའི་གནས་ཚུལ་སྤེལ། ནེའུ་ཡོག་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འཕྲོད་བསྟེན་སློབ་སྟོན་ཁང་གི་ཉམས་ཞིབ་པ་ཧྭང་ཡན་ཀྲུག་གིས་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་གྲངས་འབོར་ལས་ཀྱང་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བ་ལྡབ་བཅུ་ཙམ་མང་བ་ཡོད་ངེས་རེད། རྒྱ་ནག་གཞུང་གིས་མི་ཁྲི་ཚོ་༦་མ་ཟིན་ཙམ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་པ་ནི་ཡིད་རྟོན་རུང་བ་ཞིག་ག་ལ་ཡིན། རྒྱ་ནག་གི་གྲོང་གསེབ་ཁག་ཏུ་སྤང་ལ་མེ་ཤོར་བ་ལྟར་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ལ་འཆི་སྐྱོན་འཕོག་གི་འདུག་ཅེས་བཤད་འདུག

དབྱིན་ཇིའི་ཨེར་ཧྥི་ཎི་ཊི་ཞིབ་འཇུག་ཁང་གི་ནད་ཡམས་བརྟག་དཔྱད་རིག་པ་བ་ལུ་ཝི་སི་བྷ་ལེར་གྱིས་སྔོན་ཆད་ལྷོ་ཀོ་རི་ཡར་ཨོ་མཱི་ཀོ་རོན་ཞེས་འབོད་པའི་ངོ་བོ་མང་འགྱུར་གྱི་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུ་ཆ་མཉམ་ཉིན་ལྟར་ནད་པ་ས་ཡ་༡་རེའི་ནང་ནས་མི་༧་རེ་ཤི་བ་རེད། ཨོ་གླིང་དང་ནེའུ་ཛི་ལན་ཌི་གཉིས་ཀྱི་མི་ས་ཡ་༡་རེའི་ནང་ནས་མི་༤་རེ་ཤི་བར་མ་ཟད། ཐ་ན་སིངྒ་པུར་ལ་སྨན་བཅོས་ཀྱི་མཐུན་རྐྱེན་རྩེ་ཕུད་ཡོད་པ་དང་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲ་སྒྲིག་གང་ལེགས་བྱས་ཀྱང་ཨོ་མཱི་ཀོ་རོན་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུ་ཆ་མཉམ་མི་ས་ཡ་༡་རིའི་ནང་ནས་མི་༢་རེ་ཤི་བ་རེད། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་ཞིག་ཕྱིར་བསྒྲགས་བྱས་པ་དེ་ལ་བལྟས་ཚེ། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་གཏན་ནས་བྱུང་མེད་པ་དང་ཆ་མཉམ་མི་ས་ཡ་༡་རིའི་ནང་ནས་མི་༢་རེ་ཡང་ཤི་མེད་པ་ལྟ་བུ་ཞིག་བསྒྲགས་འདུག རྒྱ་ནག་གི་རྒན་གསོ་ཁང་དང་རང་ཁྱིམ་དུ་ཤི་བའི་མི་དེ་ཚོ་གཞུང་གི་གྲངས་འབོར་ཁོངས་སུ་མ་འཁོད་པ་འདྲ། རྒྱལ་ཁབ་གཞན་གྱི་ནང་དུ་མི་༧༧༠༠༠་ནས་མི་༩༤༥༠༠༠་ཙམ་ཤི་བ་དང་རྒྱ་ནག་ལ་མི་འབོར་མང་ཞིང་། སྨན་བཅོས་ཀྱི་མཐུན་རྐྱེན་ཞན་པ་དང་འགོག་ཁབ་ལ་ནུས་པ་ཆུང་བ། རྒྱ་ནག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲ་སྒྲིག་མེད་པ་བཅས་ལ་གཞིགས་ནས་ཚོད་དཔག་བྱས་ན་ཉུང་མཐའ་ཡང་ཟླ་བ་གཅིག་གི་ནང་དུ་རྒྱ་ནག་མི་མང་འབུམ་༣་དང་ཁྲི་ཚོ་༩་ལྷག་ཤི་ཡོད་པའི་ཚོད་དཔག་བྱེད་ཐུབ་ཀྱི་འདུག་ཅེས་གནས་ཚུལ་སྤེལ། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་ནས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ཤི་བའི་གྲངས་འབོར་གསར་པ་ཞིག་ཕྱིར་བསྒྲགས་བྱས་པར་དགའ་བསུ་ཡོད། ད་དུང་ཡང་རྒྱ་ནག་གིས་མུ་མཐུད་དུ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་མི་ཤི་བའི་གྲངས་འབོར་ཁ་གསལ་དང་ཆ་ཚང་། རྒྱ་ནག་གི་ཞིང་ཆེན་རིམ་པའི་འཆི་སྐྱོན་གྱི་གྲངས་འབོར་ཞིབ་ཕྲ་ཞིག་ཕྱིར་བསྒྲགས་བྱ་དགོས་ཞེས་ནན་སྐུལ་བྱས་འདུག

ཨ་རིའི་ཝ་ཤིང་ཊོན་སློབ་གྲྭ་ཆེན་མོའི་འཕྲོད་བསྟེན་ཞིབ་འཇུག་ཁང་གི་སློབ་དཔོན་ཨ་ལི་མོག་དྷ་ཏ་ཞེས་པ་ཞིག་གིས་ཊེམ་དུས་དེབ་ཀྱི་གསར་འགོད་པར་གླེང་མོལ་བྱས་པ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༢༡་ནས་རྒྱ་ནག་གི་ལོ་སར་ཡིན་པ་དང་གྲོང་ཁྱེར་ཁག་ཏུ་ངལ་རྩོལ་རྒྱུག་ཏུ་ཕྱིན་པའི་མི་དུང་ཕྱུར་མང་པོ་གྲོང་གསེབ་ཁག་ཏུ་ཕྱིར་ལོག་བྱས་ནས་ནད་དུག་བགོ་རྒྱུ་བརྗོད་ཅི་དགོས། རྒྱ་ནག་གི་ལོ་སར་གྱི་རྗེས་སུ་ནད་ཡམས་ཁྱབ་གདལ་ཤུགས་ཆེ་ཤོས་དེ་འབྱུང་རྒྱུ་དང་ང་ཚོས་༢༠༢༣་ལོར་རྒྱ་ནག་མི་མང་ས་ཡ་༡་དང་འབུམ་༢་ནས་ས་ཡ་༡་དང་འབུམ་༦་ཡས་མས་ཤིག་ལ་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་འབྱུང་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་ཅེས་བཤད། ཁེ་ལི་ཧྥོར་ཎི་ཡ་སློབ་གྲྭ་ཆེན་མོའི་སྤྱི་དམངས་འཕྲོད་བསྟེན་སློབ་གླིང་གི་ནད་ཡམས་བརྟག་དཔྱད་རིག་པའི་སྡེ་ཚན་གྱི་འགན་འཛིན་ཀྲང་ཙུག་ཧྥེང་གིས་རྒྱ་ནག་ལ་མི་འབོར་མང་བ་དང་ནད་ཡམས་ཁྱབ་གདལ་ཛ་དྲག་ཆེ་ཡང་རྒྱ་ནག་གཞུང་གིས་བསྒྲུབ་ན་སྤྱི་བདེ་ལས་ཁུངས་ཁག་དང་དམངས་སྲིད་འཛིན་སྐྱོང་ལས་ཁུངས་ཁག་གིས་ནད་མནར་དང་འཆི་སྐྱོན་གྱི་གྲངས་འབོར་ཁ་གསལ་ཞིག་བསྡུ་རུབ་བྱེད་ཐུབ་ཀྱི་རེད། རྒྱ་ནག་གཞུང་གིས་རང་གི་མི་དམངས་ཀྱི་བདེ་འཇགས་ཆེད་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་དང་འཆི་སྐྱོན་བྱུང་བའི་གྲངས་འབོར་རྣམས་སྦས་གསང་མེད་པར་ཕྱི་གསལ་ནང་གསལ་ཞིག་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་རྒྱལ་ཁབ་གཞན་ལ་མཁོ་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྐུལ།།

ཕྱི་ཟླ་དང་པོའི་ཚེས་༡༤་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་རྒྱ་ནག་གི་པུར་སྲེག་ཁང་དེ་དག་གི་ནང་དུ་ཕུང་པོ་སྲེག་ཚར་གྱི་མེད་པ་དང་དུར་ས་རྒྱ་བསྐྱེད་ཀྱི་ཡོད་པ་རྣམས་གསང་བ་བྱེད་མི་ཐུབ་པའི་མཚམས་སུ་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བའི་གྲངས་འབོར་གསར་པ་ཞིག་ཕྱིར་བསྒྲགས་བྱས་པ་རེད། རྒྱ་ནག་གི་པུར་སྲེག་ཁང་དེ་དག་གི་སྒོ་འགྲམ་ནས་སྤྱི་ལེ་མང་པོར་རླངས་འཁོར་ནང་དུ་མི་ཤི་བའི་ཕུང་པོ་བཞག་སྟེ་བང་སྒྲིག་ཡོད་པ་གང་སར་མཐོང་རྒྱུ་འདུག ད་ལྟ་ཞིང་ཆེན་༣༡་དང་གྲོང་ཁྱེར་ཁག་ལ་ཏོག་དབྱིབས་ནད་དུག་ཁྱབ་འདུག རྒྱ་ནག་གཞུང་གིས་ཞིང་ཆེན་དང་ས་ཁུལ་རིམ་པའི་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་དང་འཆི་སྐྱོན་གྱི་གྲངས་འབོར་གསལ་བསྒྲགས་བྱེད་ཀྱི་མི་འདུག ཏོག་དབྱིབས་ནད་དུག་དེ་ཆམ་ནད་ཅིག་རེད་ཅེས་འགྲེལ་བཤད་ལོག་པ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་གྲོང་གསེབ་ཁག་གི་མི་མང་ཁག་ཅིག་གིས་སྨན་པར་མི་སྟོན་པ་དང་སྨན་ཁང་དུ་མི་འགྲོ་བ། གྲོང་གསེབ་པ་མང་པོར་སྨན་བཅོས་ཀྱི་འགྲོ་གྲོན་མེད་པའི་གནས་ཚུལ་ཇེ་སྙེད་ཅིག་འབྱུང་གི་འདུག་ཅེས་གནས་ཚུལ་སྤེལ། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མི་མང་དབུལ་ཕོངས་ཚོར་སྨན་བཅོས་ཀྱི་འགྲོ་གྲོན་མེད་པ་དང་ས་གནས་གཞུང་གིས་སྨན་ཡོན་རོགས་རམ་སྤྲོད་ཀྱི་མེད་པར་རྒན་རྒོན་གཙོ་བོར་གྱུར་པའི་མི་གྲངས་འབུམ་ཕྲག་མང་པོ་འཆི་ཡི་འདུག ཉེ་ཆར་རྒྱ་ནག་གཞུང་གི་ནང་ཁུལ་ཡིག་ཆ་ཞིག་ཕྱི་ལ་འཁྱར་བ་དེར་ནད་དུག་འགོ་རྒྱུ་ཡིན་པ་ཚང་མར་འགོ་རུ་ཆུགས། འཆི་རྒྱུ་ཡིན་པ་ཚང་མ་འཆི་རུ་ཆུགས་ཞེས་འཁོད་ཡོད་པར་བལྟས་ན་རྒྱ་ནག་དམར་ཤོག་ཚོགས་པ་དང་ཞིས་ཅིན་ཕིང་གིས་བསམ་བཞིན་རྒྱ་ནག་གི་རྒན་རྒོན་ཚོར་སྨན་བཅོས་མ་བྱས་པར་འཆི་རུ་འཇུག་རྒྱུའི་སྲིད་ཇུས་ངན་པ་ཞིག་ལག་ལེན་བསྟར་གྱི་འདུག་ཅེས་སྐྱོན་བཙུགས། རྒྱ་ནག་གི་འབྱོར་ལྡན་པ་འབུམ་ཕྲག་མང་པོ་ཧོང་ཀོང་དང་ཨོ་མེན། སིངྒ་པུར་དང་ཐེ་ལན་ཌི། ཉི་ཧོང་དང་ལྷོ་ཀོ་རི་ཡ། ཨ་རི་དང་ཡུ་རོབ། ཨོ་གླིང་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་ནུབ་ཕྱོགས་ཀྱི་སྨན་སྦྱོར་བཟོ་ཚོང་ལས་ཁུངས་ཁང་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཚད་ལྡན་དང་ནུས་པ་ཅན་རྣམས་རྒྱག་ཏུ་སྐྱོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG