ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༥/༢༢

འབར་མའི་ནང་འཁྲུག་དུས་སུ་མང་ཚོགས་བསད་རྨས་འབྱུང་རྒྱུ་ཇེ་མང་དུ་སོང་།


ཨ་རིའི་དམིགས་བསལ་དམག་མི་ཟུར་པ་ཌེབ་ཨིའུ་བྷན་ཀ་
ཨ་རིའི་དམིགས་བསལ་དམག་མི་ཟུར་པ་ཌེབ་ཨིའུ་བྷན་ཀ་

༄༅།། འབར་མའི་དམག་གཞུང་དང་གྱེན་ལོག་པ་ཚོས་ཟླ་ཤས་གོང་ནས་ནང་འཁྲུག་བསླངས། འབར་མའི་གྱེན་ལོག་པ་ཚོས་ས་ཆ་རྒྱ་ཆེན་པོ་ཞིག་བླངས་པའི་ཞོར་དུ་ནང་འཁྲུག་ཀྱང་ཆེ་རུ་ཕྱིན་ཏེ་མང་ཚོགས་ལ་བསད་རྨས་ཚབས་ཆེན་ཕོག ཕྱི་ཟླ་༥་པའི་ཚེས་༩་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་མཐའ་མཚམས་ཀྱི་གྲངས་ཉུང་མི་རིགས་ཁག་གི་དཔུང་སྡེ་དང་གསར་དུ་གྱེན་ལོག་པའི་ཁོངས་སུ་ཞུགས་པའི་འཐབ་མོ་བ་ཚོས་གཞུང་དམག་ལ་རྒོལ་རྡུང་དྲག་པོ་བྱེད་ཐུབ་པའི་སྟོབས་ཤུགས་རྒྱས། འབར་མའི་གཞུང་དམག་གིས་སྐམ་མཚོ་གནམ་གསུམ་ནས་གྱེན་ལོག་པའི་སྨན་ཁང་ཁག་དང་མི་མང་གནས་སྡོད་བྱ་ཡུལ། ནང་པའི་དགོན་པ་སོགས་དམིགས་འབེན་དུ་བཟུང་ནས་མེ་སྒྲོགས་འཕངས། འབར་མའི་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་གནས་ཁག་གི་བྱིས་པ་དང་རྒན་རྒོན། བུད་མེད་ཚོས་བདེ་འཚམས་ཀྱི་སྐུང་ཡུལ་ཞིག་མ་རྙེད་པར་གང་ས་གང་དུ་འབྲོས་བཞིན་པའི་བརྙན་པར་ཐོན།།

ཨ་རིའི་དམིགས་བསལ་དམག་མི་ཟུར་པ་ཌེབ་ཨིའུ་བྷན་ཀ་ཞེས་པ་ཞིག་གིས་འབར་མའི་རང་དབང་འཐབ་རྩོད་པའི་དཔུང་སྡེ་བཙུགས་ཏེ་ལོ་རབས་༩༠་བ་ནས་འཐབ་འཁྲུག་ལ་ཞུགས་པའི་དམག་མི་དང་མི་མང་དཀྱུས་མ་བཅས་ལ་མི་ཆོས་རིང་ལུགས་ཀྱི་རོགས་ཕན་བསྒྲུབས། ཁོ་པས་མང་ཚོགས་ཀྱིས་གྱེན་ལོག་བྱས་ན་དམག་གཞུང་གི་འགོ་ཁྲིད་ཚོ་སྐྲག་གི་ཡོད་པ་རེད། འབར་མའི་དམག་གཞུང་གིས་སྨན་ཁང་དང་ཡེ་ཤུའི་ལྷ་ཁང་། སློབ་གྲྭ་དང་ནང་པའི་དགོན་སྡེ་ཁག་གང་དུ་ཡོད་མེད། ས་གནས་དེ་དག་འགྲོ་བ་མི་ལ་ལྟ་སྐྱོང་བྱ་ཡུལ་དང་མང་ཚོགས་འདུ་འཛོམས་བྱ་ཡུལ་ཡིན་པ་ཤེས་ཀྱི་ཡོད་པ་རེད། སློབ་གྲྭ་དང་སྨན་ཁང་། ལྷ་ཁང་སོགས་ལ་གཏོར་རྒོལ་བྱེད་ཀྱི་ཡོད་པ་ནི་འགྱུར་ལྡོག་གསར་པ་ཞིག་རེད་ཅེས་བཤད། ད་ལོའི་ཕྱི་ཟླ་༣་པའི་ཚེས་༣༡་ནས་འབར་མའི་དམག་གཞུང་གིས་ཀ་རན་གྱེན་ལོག་པའི་དབང་བསྒྱུར་འོག་ཏུ་ཚུད་པའི་ས་གནས་ཁག་ལ་གནམ་དམག་གིས་རྒོལ་རྡུང་བྱ་རྒྱུ་མགོ་བརྩམས།།

དེང་སྐབས་འབར་མའི་དམག་གཞུང་གི་དབང་བསྒྱུར་འོག་ཏུ་རྒྱལ་ཁབ་དེའི་ས་ཁྱོན་གྱི་ཕྱེད་ཀ་ཡང་མེད་ཅིང་། འབར་མའི་རྒྱལ་ས་གསར་པ་ནེ་པི་ཌོ་དང་དབུས་ཕྱོགས་ཀྱི་ས་གནས་ཁག རྒྱལ་ས་རྙིང་པ་ཡན་གུན་དང་འབར་མའི་གྲོང་ཁྱེར་ཁག་ལ་དམག་གཞུང་གིས་སྲུང་སྐྱོབ་དམ་པོ་བྱས་ནས་གྱེན་ལོག་པས་གླགས་མི་ཁེལ། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་འབར་མའི་དམག་གཞུང་ལ་རྒྱབ་སྐྱོར་བྱས་ནས་གྱེན་ལོག་པའི་ས་གནས་ཁག་ཏུ་ཁ་ལོ་བ་མེད་པའི་འཕུར་གྲུས་གཏོར་རྒོལ་བྱས། རྒྱལ་སྤྱིའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་མོར་གྷན་མེ་ཁེལ་གྱིས་མི་མང་ཕལ་ཆེ་བས་འབར་མའི་དམག་གི་སྲིད་དབང་ཡུན་རིང་བརྟན་མི་སྲིད། བདུན་ཕྲག་གཉིས་ཡས་མས་ཤིག་གི་རྗེས་སུ་འཐོར་ཞིག་འགྲོ་ངེས་རེད་ཅེས་བསྡོམས་ཚིག་བརྒྱབ་པ་རེད། འབར་མའི་དམག་གཞུང་གི་སྟོབས་ཤུགས་ཉམས་ནས་དཀའ་ངལ་ཆེན་པོ་ཞིག་འཕྲད་ཀྱི་ཡོད་པ་ནི་ཐེ་ཚོམ་མེད་པ་ཞིག་རེད་ཅེས་བསྟན།།

འབར་མའི་དམག་གཞུང་གི་མགྲིན་ཚབ་པ་ཐེད་སི་ཝེས་གཞུང་དམག་གིས་མི་མང་དཀྱུས་མ་དང་ལྷ་ཁང་། སློབ་གྲྭ་དང་སྨན་ཁང་སོགས་ལ་རྒོལ་རྡུང་བྱེད་ཀྱི་མེད། འབར་མའི་གཞུང་དམག་གིས་རྒྱལ་ཁབ་ཀྱི་བདག་དབང་ཁོ་ནར་སྲུང་སྐྱོབ་བྱེད་ཀྱི་ཡོད། མི་མང་དཀྱུས་མ་གནས་སྡོད་བྱ་ཡུལ་ཁག་ལ་གཏོར་རྒོལ་བྱེད་མཁན་ནི་གྱེན་ལོག་པ་ཚོ་རེད་ཅེས་དཔང་རྟགས་སྟོན་རྒྱུ་མེད་པར་ཉེས་སྐྱོན་མཐའ་དག་གྱེན་ལོག་པ་ཚོར་བཙུགས། ན་ནིང་ཕྱི་ཟླ་༡༠་པའི་ནང་དུ་གྱེན་ལོག་པ་ཚོས་གཞུང་དམག་ལ་འཐབ་རྒོལ་བྱ་རྒྱུ་འགོ་ཚུགས། དེ་ནས་བཟུང་སྟེ་འབར་མའི་གྲོང་ཁྱེར་ཁག་དང་མི་ཚོགས་ཆེ་ས་ཁག་ཏུ་ཞི་བདེ་བརྟན་ལྷིང་མེད་པར་མི་ས་ཡ་༡་ལྷག་རང་ཁྱིམ་དུ་གནས་ཐབས་མེད་པར་བྲོས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་ཆོས་རིང་ལུགས་ལས་ཁུངས་ནས་འབར་མར་མི་འབོར་ས་ཡ་༥༦་ཡོད་པ་དེའི་ཁོངས་ནས་མི་གྲངས་ས་ཡ་༣་ནང་འཁྲུག་གི་རྐྱེན་གྱིས་ཆགས་ས་བརྟེན་ས་མེད་པར་གྱུར་འདུག་ཅེས་སྙན་ཐོ་བཏོན།།

མཉམ་འབྲེལ་གསར་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། འབར་མའི་འཕྲོད་བསྟེན་ལམ་ལག་ཉམས་ཆག་ཕྱིན་པ་དང་ཟ་འབྲུ་འདུ་འགོད་མ་ཐུབ་པར་མི་གྲངས་ས་ཡ་༡༨.༦་ལ་བཟའ་བཏུང་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་པ་མ་ཟད། གོང་གི་གྲངས་འབོར་དེའི་ཁོངས་ནས་མི་གྲངས་ས་ཡ་༦་ལྷག་བྱིས་པ་ཡིན་པ་དང་ལོ་འདི་གཅིག་པུར་བཟའ་བཏུང་དང་སྨན་བཅོས་ཀྱི་རོགས་སྐྱོར་བྱ་དགོས་པའི་མི་ས་ཡ་༡་མང་དུ་ཕྱིན་འདུག་ཅེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་གྲངས་སུ་འཁོད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འབར་མའི་དམག་གཞུང་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། འབར་མའི་དཔལ་འབྱོར་དང་ཚོང་ལས་ཉམས། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་སྡུག་ཏུ་སོང་། གལ་སྲིད་འབར་མའི་ནང་འཁྲུག་མཚམས་མ་ཆད་ན་མི་མང་ལ་མུ་གེ་དང་ནད་མནར་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།།

འབར་མའི་ནང་འཁྲུག་དེ་ཇི་ལྟར་ལངས་མིན་ཆེ་ལོང་ཙམ་བཤད་ཚེ། ༢༠༢༡་ལོའི་ཕྱི་ཟླ་༢་པའི་ནང་ཨང་སན་སུ་ཅཱིས་འགོ་ཁྲིད་པའི་དམངས་གཙོའི་སྲིད་གཞུང་དམག་དཔུང་གིས་མགོ་རྟིང་བསློགས། ན་ནིང་ཕྱི་ཟླ་༡༠་པ་ནས་འབར་མའི་ཕུ་ནུ་གསུམ་སྟེ། ཨ་ར་ཀན་དམག་དཔུང་དང་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་མཐུན་ཚོགས་ཀྱི་དམག་དཔུང་། ཏ་ཨང་རྒྱལ་ཡོངས་བཅིངས་འགྲོལ་དམག་གི་ཚོགས་པ་གསུམ་རྡོག་རྩི་གཅིག་ཏུ་བསྒྲིལ། ད་དུང་དེའི་ཁར་འབར་མའི་དམངས་གཙོའི་སྲིད་གཞུང་གི་རྒྱབ་སྐྱོར་བ་ཚོས་བཙུགས་པའི་མི་དམངས་རྒྱལ་སྲུང་དམག་དཔུང་བསྣན། འབར་མའི་དམག་གཞུང་གི་འགོ་ཁྲིད་དམག་སྤྱི་མིན་ཨ་ལེང་གིས་གྱེན་ལོག་པ་ཚོར་སྟོབས་ཤུགས་རྒྱས་ནས་གཞུང་དམག་ལ་ཕམ་ཉེས་བྱུང་བ་ཁས་བླངས། ཉེ་དུས་ཤིག་ནས་འབར་མའི་གྱེན་ལོག་པ་ཚོས་གཞུང་དམག་ལ་ཚུར་རྒོལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ཁེམ་བྷོ་ཌི་ཡའི་འགོ་ཁྲིད་ཟུར་པ་ཧུན་སེན་
ཁེམ་བྷོ་ཌི་ཡའི་འགོ་ཁྲིད་ཟུར་པ་ཧུན་སེན་

ཕྱི་ཟླ་༥་པའི་ཚེས་༩་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཁེམ་བྷོ་ཌི་ཡའི་འགོ་ཁྲིད་ཟུར་པ་ཧུན་སེན་འབར་མར་འཚམས་འདྲིར་བསྐྱོད། འབར་མའི་དམག་གཞུང་གི་འགོ་ཁྲིད་ཚོས་རྒྱལ་ཡོངས་ལ་དམངས་གཙོའི་འོས་བསྡུ་བྱ་འཆར་ཡོད་ཅེས་ཧུན་སེན་ལ་ཁས་བླངས། ལོ་གསུམ་གྱི་གོང་དུ་འབར་མའི་དམག་གིས་སྲིད་དབང་ཕྲོགས་ནས་བཟུང་སྟེ་དམངས་གཙོའི་ལམ་ལུགས་སླར་གསོ་བྱ་རྒྱུ་ཡིན་ཞེས་བསྐྱར་ཟློས་ལན་མང་བྱས་ཀྱང་འོས་འདེམས་ཀྱི་དུས་ཚོད་གཏན་འབེབས་མ་བྱུང་། གཟའ་མིག་དམར་ཉིན་ཁེམ་བྷོ་ཌི་ཡའི་སྲིད་བློན་ཟུར་པ་ཧུན་སེན་གྱིས་འབར་མའི་དམག་གི་འགོ་ཁྲིད་མིན་ཨང་ལེང་ལ་དམངས་གཙོའི་སྲིད་གཞུང་སྔོན་མའི་འགོ་ཁྲིད་དང་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཨང་སན་སུ་ཅཱི་ལ་གྲོས་མོལ་བྱེད་ཐུབ་ན་དགེ་མཚན་ཆེ་ཞེས་ནན་གྱིས་བསྐུལ། འབར་མའི་གཞུང་གི་མགྲིན་ཚབ་པ་ཞིག་གིས་དམངས་གཙོའི་འོས་བསྡུ་བྱ་འཆར་ཡོད་ཅེས་བསྐྱར་ཟློས་བྱས་ཀྱང་དམ་སྤྱི་མིན་ཨང་ལེང་གིས་ཨང་སན་སུ་ཅཱི་ལ་ཐུག་འཕྲད་བྱ་རྒྱུ་ཡིན་མིན་ངེས་གཏན་བྱས་མེད་པའི་གནས་ཚུལ་ཐོན་འདུག

འབར་མའི་དམག་གི་འགོ་ཁྲིད་མིན་ཨང་ལེང་
འབར་མའི་དམག་གི་འགོ་ཁྲིད་མིན་ཨང་ལེང་

ཁ་སྔོན་ཕྱི་ཟླ་༤་པའི་ཚེས་༢༣་ཉིན་སིངྒ་པུར་གྱི་ཨེ་ཤི་ཡའི་འཕྲིན་ལམ་གསར་ཁང་གིས་འབར་མའི་དམག་གཞུང་ནས་ཨང་སན་སུ་ཅཱི་དང་སྲིད་འཛིན་ཝིན་མིན་ཏ་སོགས་ལོ་གསུམ་ལྷག་ལ་བཙོན་དུ་བཅུག་པ་རེད། ཕྱི་ཚེས་༡༧་ཉིན་བཙོན་ཁང་ནས་རང་ཁྱིམ་དུ་བཏང་སྟེ་བཟང་བཙོན་ལ་བཅུག་འདུག་ཅེས་གསར་འགྱུར་སྤེལ། འབར་མའི་དམག་གི་མགྲིན་ཚབ་པ་ཞིག་གིས་ཨང་སན་སུ་ཅཱི་དང་ཝིན་མིན་ཏ་གཉིས་ལོ་ན་མཐོ་བ་དང་ཚ་གདུག་ཆེ་བ་སོགས་ཀྱིས་རང་ཁྱིམ་དུ་བཏང་བ་ཡིན་ཞེས་བསྒྲགས། དུས་སྐབས་དེ་འབར་མའི་ལོ་སར་ཡིན་པ་དང་དུས་ཆེན་དེའི་སྐབས་སུ་བཙོན་པ་ཚོར་ཉེས་ཡངས་གཏོང་སྲོལ་ཡོད་པས་རྒྱལ་ཡོངས་ཀྱི་བཙོན་པ་༣༠༠༠་ལྷག་ལ་ཉེས་ཡངས་ཐོབ། ཉམས་ཞིབ་པ་ཚོས་འབར་མའི་གྲངས་ཉུང་མི་རིགས་ཁག་གི་གྱེན་ལོག་པ་དང་མི་དམངས་རྒྱལ་སྲུང་དམག་གིས་ཚུར་རྒོལ་དྲག་པོ་བྱུང་། རྒྱ་ནག་དང་འབར་མའི་ས་མཚམས་ཁག་དང་འབར་མ་དང་ཐེ་ལན་ཌིའི་ས་མཚམས་ཁག་གི་ས་ཆ་མང་པོ་གྱེན་ལོག་པ་ཚོར་ཤོར། འབར་མའི་དམག་གཞུང་གིས་བཙོན་པ་གློད་གྲོལ་དང་ཨང་སན་སུ་ཅཱི་སོགས་བཙན་ཁང་ནས་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་ནས་གྱེན་ལོག་པའི་ཚུར་རྒོལ་འགོག་ཐབས་བྱེད་ཀྱི་ཡོད་པ་རེད་ཅེས་བཀྲལ།།

གླེང་སྟེགས།

XS
SM
MD
LG