ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

༢༠༢༢་ལོའི་འབྲུག་ཡུལ་གྱི་དཔྱ་ཁྲལ་ཁྲིམས་ཡིག་གི་ཤུགས་རྐྱེན། 


༄༅།། འབྲུག་པ་ཚོར་མཚོན་ན་དཔྱ་ཁྲལ་འཇལ་དགོས་པ་ནི་གནས་ཚུལ་གསར་པ་གང་ཡང་མ་ཡིན་ཞིང་། ༡༩༦༠་རེ་གྲངས་སུ་འབྲུག་གཞུང་གིས་ད་གཟོད་དངུལ་སྨར་དཔྱ་ཁྲལ་བསྡུ་རྒྱུ་འགོ་ཚུགས། ༡༩༠༧་ལོར་འབྲུག་ཡུལ་དུ་རྒྱལ་ལྡན་སྲིད་གཞུང་ཞིག་མ་ཚུགས་གོང་དུ་འབྲུག་པ་ཚོས་དུས་རབས་མང་པོར་ས་གནས་ཀྱི་དཔོན་ཁག་དང་རྫོང་དཔོན་རྣམས། དགོན་སྡེ་ཁག་ལ་དངོས་ཟོག་འདྲ་མིན་གྱིས་དཔྱ་ཁྲལ་འཇལ་ཞེས་གནས་ཚུལ་སྤེལ། ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཧྥ་རེ་ཌི་རི་ཆི་ནོ་མན་རང་དབང་ཐེབས་རྩ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་ལ་རྒྱལ་ལྡན་སྲིད་གཞུང་མ་ཚུགས་གོང་དུ་འབྲུག་པ་ཇི་སྙེད་ཅིག་གིས་དཔྱ་ཁྲལ་འཇལ་མ་ཐུབ་པར་རྒྱ་གར་བ་ཚོས་བདག་ཏུ་བཟུང་བའི་ས་གནས་ཁག་ཏུ་གཞིས་སྤོས། འབྲུག་ཡུལ་གྱི་རྒྱལ་པོ་ཐོག་མ་ཨོ་རྒྱན་དབང་ཕྱུག་གིས་མི་སེར་ལ་དཔྱ་ཁྲལ་བཅག་པ་དང་རྒྱལ་པོ་གཉིས་པ་འཇིགས་མེད་དབང་ཕྱུག་གིས་ཀྱང་མི་སེར་གྱི་དཔྱ་ཁྲལ་ཁག་ཅིག་མེད་པར་བཏང་འདུག ད་ལྟ་འབྲུག་ཡུལ་གྱི་གྲོས་ཚོགས་སྐབས་༣་པའི་ཚོགས་དུས་༨་པའི་ཐོག་ཏུ་ཕྱི་རྒྱལ་གྱི་དངུལ་ལོར་འདང་ངེས་མེད་པ་གསབ་ཐབས་སུ་༢༠༢༢་ལོའི་འབྲུག་ཡུལ་གྱི་དཔྱ་ཁྲལ་ཁྲིམས་ཡིག་ལ་འགྱུར་བ་གཏོང་རྒྱུའི་གྲོས་ཆོད་བཞག ས་གནས་ཀྱི་ཚོང་ལས་གཙིགས་སུ་བཟུང་སྟེ་སྒོ་ཁྲལ་དང་ཚོང་ཁྲལ། སྔོ་ལྗང་(སྐྱེ་ཁམས་ལ་གནོད་པའི་ནག་རྫས་ཀྱི་དཔྱ་ཁྲལ)གི་དཔྱ་ཁྲལ་བཅས་ལ་བཅོས་བསྒྱུར་གཏང་རྒྱུ་ཡིན་འདུག འབྲུག་གི་ནོར་སྲིད་ལྷན་ཁང་གིས་བཏོན་པའི་གྲོས་གཞིའི་ནང་དུ་འཕྲོད་བསྟེན་དང་ཁོར་ཡུག་ལ་གནོད་ཚབས་ཆེ་བའི་དངོས་ཟོག་ཁག་ལ་སྒོ་ཁྲལ་སྤར་དགོས་པ་དང་མི་དམངས་ཀྱི་ཉེར་མཁོའི་དངོས་ཟོག་ཁག་ཅིག་ལ་སྒོ་ཁྲལ་གཅོག་དགོས་ཞེས་འཁོད།།

འབྲུག་གི་ནོར་སྲིད་ལྷན་ཁང་གིས་དངོས་ཟོག་རྣམ་གྲངས་༤༡༧་གྱི་སྒོ་ཁྲལ་དང་དངོས་ཟོག་རྣམ་གྲངས་༢༣༥་ཡི་ཚོང་ཁྲལ་ལ་བསྐྱར་བཅོས་གཏོང་དགོས། དངོས་ཟོག་རྣམ་གྲངས་༡༦༥་ཡི་སྒོ་ཁྲལ་ཆག་ཡང་གཏོང་དགོས་པ་སྟེ། འབྲས་དང་གྲོ། ཡུག་པོ་དང་གྲོ་ཕྱེ། བྲ་བོ་དང་འབྲུ་རིགས་སོགས་ལ་ཚོང་ཁྲལ་གཏན་ནས་མེད་པར་གཏོང་རྒྱུ། ཐ་མག་དང་ཤིང་ཏོག་གི་ཁུ་བ། ཐུག་པ་དང་ནང་ཆས་སོགས་ཀྱི་ཚོང་ཁྲལ་སྤར་རྒྱུ། འབྲུག་ཡུལ་དུ་བཟོ་སྐྲུན་བྱེད་ཐུབ་པའི་དངོས་ཟོག་རྣམས་ཕྱི་ནས་ནང་འདྲེན་བྱས་ན་སྒོ་ཁྲལ་སྤར་དགོས་པའི་གྲོས་གཞི་བཏོན། ཧྥ་རེ་ཌི་རི་ཆི་ནོ་མན་རང་དབང་ཐེབས་རྩ་ཁང་གིས་འབྲུག་ཡུལ་གྱི་དཔྱ་ཁྲལ་ཁྲིམས་ཡིག་ལ་འགྱུར་བཅོས་གཏོང་གི་ཡོད་པར་རྒྱུ་རྐྱེན་འགའ་ཞིག་འདུག འཛམ་གླིང་ཡོངས་སུ་ཏོག་དབྱིབས་ནད་ཡམས་ཁྱབ་ནས་འབྲུག་གཞུང་གིས་ཕྱི་རྒྱལ་གྱི་དངུལ་ལོར་གསོག་འཇོག་བྱས་ཡོད་པ་རྣམས་ཉུང་དུ་སོང་། ལོ་རེའི་བྱུང་སོང་གཉིས་ཁ་མ་མཚུངས་པར་ཡོང་འབབ་ལས་འགྲོ་སྒོ་ཇེ་མང་། རྒྱལ་ཁབ་གཞན་ཁག་དང་འདྲ་བར་འབྲུག་ཡུལ་ལའང་ཏོག་དབྱིབས་ནད་ནམས་དང་ཡུཀ་རེན་གྱི་དམག་འཁྲུག་གིས་དཔལ་འབྱོར་ཉམས་ཆག་བྱུང་། ཨ་སྒོར་གྱི་རིན་ཐང་འཕར་ནས་རྒྱ་གར་གྱི་ཧིན་སྒོར་དང་འབྲུག་གི་དངུལ་ཊམ་གྱི་འཇའ་ཐང་ཆག འབྲུག་ཡུལ་ལ་དངོས་ཟོག་གི་རིན་གོང་བརྒྱ་ཆ་༧་འཕར། ཕྱི་ཟླ་༡༠་པའི་ཚེས་༣༡་ཉིན་འབྲུག་ཡུལ་གྱི་གཞི་གྲངས་ལྷན་ཁང་གིས་བཏོན་པའི་སྙན་ཐོ་གསར་ཤོས་དེར་༢༠༢༢་ལོའི་ཕྱི་ཟླ་༩་པའི་ནང་དུ་དངུལ་ཊམ་༡༠༠་ཐམ་པར་༢༠༡༢་ལོའི་ཕྱི་ཟླ་༡༢་པའི་ནང་གི་དངུལ་ཊམ་༦༠་ཐམ་པའི་རིན་ཐང་ལས་མེད་ཅིང་། འབྲུག་ཡུལ་ནི་ཕྱི་རྒྱལ་གྱི་དངོས་ཟོག་ནང་འདྲེན་ལ་ཤུགས་ཆེན་པོ་བརྟེན་དགོས་པའི་རྒྱལ་ཁབ་ཅིག་ཡིན་པས་ཕྱི་རྒྱལ་གྱི་དངུལ་ལོར་གསོག་འཇོག་བྱས་ཡོད་པ་རྣམས་མྱུར་དུ་ཟད།།

འབྲུག་ཡུལ་གྱིས་རྡོ་སྣུམ་དང་ཟས་རིགས་ནང་འདྲེན་བྱས་པའི་འགྲོ་གྲོན་ཇེ་ཆེར་སོང་སྟེ་ཟས་རིགས་ཀྱི་རིན་གོང་བརྒྱ་ཆ་༤.༢༤་དང་ཟས་རིགས་མིན་པའི་དངོས་ཟོག་གི་རིན་གོང་བརྒྱ་ཆ་༧.༦༡་འཕར། ༡༩༨༡་ནས་༢༠༢༡་བར་དུ་འབྲུག་ཡུལ་ལ་སྤྱི་ཡོངས་ཀྱི་ཆ་ནས་ལོ་རེར་ཡུལ་ཐང་བརྒྱ་ཆ་༦.༩་འཕར་མོད། ད་ལྟ་སྐྱེལ་འདྲེན་གྱི་རིན་གོང་འཕར་ནས་འབྲུག་ཡུལ་ལ་ཡུལ་ཐང་འཕར་བའི་བརྒྱ་ཆ་༣༧་སྐྱེལ་འདྲེན་གྱིས་ཟིན། འབྲུག་གཞུང་གིས་དཔྱ་ཁྲལ་གྱི་ཁྲིམས་ཡིག་ལ་འགྱུར་བཅོས་གཏོང་དགོས་དོན་ནི་བྱུང་སོང་གཉིས་ཆ་མཉམ་མེད་པ་གསབ་ཐབས་དང་དཔལ་འབྱོར་གྱི་དཀའ་ངལ་སེལ་ཐབས་ཡིན་ཞིང་། འབྲུག་གཞུང་གིས་དཔྱ་ཁྲལ་བཅག་པ་དང་ཉེར་མཁོའི་དངོས་ཟོག་ལ་ཚོང་ཁྲལ་གཏན་ནས་མེད་པར་བཏང་ན་བསམ་དོན་ཇི་བཞིན་འགྲུབ་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་གྱུར། འབྲུག་ཡུལ་གྱི་ཚོང་དོན་ལྷན་ཁང་དང་དཔལ་འབྱོར་ལྷན་ཁང་གིས་དགོས་ངེས་དང་ཉེར་མཁོའི་དངོས་ཟོག་གི་ཐོ་ཁོངས་སུ་རྡོ་སྣུམ་དང་འོ་མ། གྲོ་ཕྱེ་དང་ཕྱུ་ར། འབྲས་དང་ཟ་སྣུམ། སྔོ་ཚོད་དང་ཤིང་ཏོག ཐུག་པ་དང་སྒོ་ང་། གཏེར་ཆུ་དང་གཙང་སྦྲའི་ཕྱིས་ཤོག ཕྲུ་གུའི་གཅིན་གདན་དང་འབྲུ་རིགས། མར་དང་གཙང་ཤོག ཚྭ་དང་འཚིག་ཇ། ཀ་ར་དང་ཇ། འདག་རྫས་དང་སྐྲ་ལྡེ། སྨན་དང་བཟོ་ལས་ཀྱི་རྒྱུ་ཆ། གློག་ཁང་འཛུགས་སྐྲུན་གྱི་རྒྱུ་ཆ་སོགས་འདུས། དངོས་ཟོག་དེ་རྣམས་ཕྱི་ནས་ནང་འདྲེན་བྱེད་དགོས་པས་རྒྱ་གར་གྱི་ཁྲོམ་རའི་འཕར་ཆག་ལ་བསྟུན་དགོས། འབྲུག་གཞུང་གིས་སྒོ་ཁྲལ་མ་གཏོགསསྤར་མི་སྲིད་ཀྱང་མི་དམངས་ཀྱིས་ཡུལ་ཐང་འཕར་བའི་དཀའ་ངལ་མྱོང་། འབྲུག་གཞུང་གིས་རྡོ་སྣུམ་གྱི་རིན་གོང་འཕར་ཆག་ལ་སྟངས་འཛིན་བྱེད་དཀའ། ད་སྔ་དགོས་ངེས་མིན་པའི་དངོས་ཟོག་གི་རྣམ་གྲངས་ཕྱིར་བསྒྲགས་བྱས་མེད་པས་ཉེར་མཁོ་དང་ཉེར་མཁོ་མིན་པའི་དངོས་ཟོག་གི་དབྱེ་བ་གསལ་པོ་ཞིག་མ་ཐོན། དེར་བརྟེན་དཔྱ་ཁྲལ་ཁྲིམས་ཡིག་དེར་མཇུག་འབྲས་ཅི་ཞིག་སྨིན་རྒྱུ་ཡིན་མིན་ངེས་གཏན་བྲལ་ཞེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་ལ་དཀའ་ངལ་གཞན་ཞིག་ཡོད་པ་ནི་ལྐོག་ཟ་རུལ་སུངས་དར་ཁྱབ་བྱུང་། རྒྱལ་ཁབ་ཆུང་ཆུང་ཞིག་ལ་ལྐོག་ཟ་རུལ་སུངས་ཚབས་ཆེན་འབྱུང་གི་ཡོད་པ་ནི་ཕྱི་རྒྱལ་བ་ཚོའི་བློ་ཡུལ་དུ་མི་གཤོང་། ཕྱི་ཟླ་༡༢་པའི་ཚེས་༥་ཉིན་ཀུན་གསལ་གསར་ཁང་ནས་ལྐོག་ཟ་བཀག་སྡོམ་ལྷན་ཁང་གིས་བཏོན་པའི་༢༠༢༡་ནས་༢༠༢༢་བར་གྱི་སྙན་ཐོར་གཞི་བཅོལ་ནས་གནས་ཚུལ་སྤེལ་བ་ལྟར་ན། འབྲུག་ཡུལ་ལ་ལྐོག་ཟ་རུལ་སུངས་དར་ནས་བཅོས་ཐབས་མེད་པའི་མཚམས་སུ་བསླེབས། ཚན་རིག་དང་འཕྲུལ་རིག་ལག་རྩལ་ཡར་རྒྱས་ཕྱིན་པའི་ཞོར་དུ་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་བྱ་རྒྱུ་དེ་བས་ཀྱང་དཀའ་ངལ་ཆེ། འབྲུག་ཡུལ་ལ་དྲན་བདེན་ཁྱབ་སྤེལ་དང་སྒེར་གྱི་ཚོང་ལས་ཁག་གིས་སྤྱི་ཚོགས་ལ་བཟང་སྤྱོད་འཛིན་དགོས་པའི་རིག་གཞུང་གི་སློབ་གསོ་གཏོང་དགོས། གསར་འགྱུར་ལས་ཁང་ཁག་གིས་ལྐོག་ཟ་རུལ་སུངས་རྩད་གཅོད་དང་ཞིབ་འཇུག་བྱས་ནས་ཐེར་འདོན་བྱ་རྒྱུ། ལྐོག་ཟ་དང་ཁྲིམས་འགལ་བྱེད་མཁན་ཚོར་ཁྲིམས་གཅོད་བྱ་དགོས། འབྲུག་ཡུལ་གྱི་སློབ་གྲྭ་དང་སློབ་གླིང་ཁག་ཏུ་བཟང་སྤྱོད་དར་སྤེལ་གྱི་སྣེ་ཁྲིད་པ་སྐྱེད་སྲིང་བྱ་རྒྱུར་གཞུང་གིས་མཐུན་རྐྱེན་སྦྱོར་དགོས་ཞེས་བསྟན། ལྐོག་ཟ་དང་ཁྲིམས་འགལ་ཤུགས་ཆེ་བ་བྱེད་མཁན་རྣམས་ནི་དབང་ཤུགས་ཅན་དང་སྟོབས་ཅན་ཚོ་ཡིན་པས་འགོག་མི་ཐུབ། འབྲུག་ཡུལ་གྱི་ལྐོག་ཟ་རུལ་སུངས་བཀག་སྡོམ་ལྷན་ཁང་ལ་ལས་བྱེད་པ་ཉུང་བ་དང་འདས་པའི་ལོ་གསུམ་གྱི་རིང་ལས་བྱེད་པ་༣༩་ལས་མེད། ༢༠༢༢་ལོའི་མགོ་སྟོད་ཟླ་དྲུག་གི་ནང་དུ་ལས་བྱེད་པ་༡༢་ཀྱིས་དགོངས་པ་ཞུས་འདུག་ཅེས་གསར་འགྱུར་ཐོན།།

ཧྥ་རེ་ཌི་རི་ཆི་ནོ་མན་རང་དབང་ཐེབས་རྩ་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། བརྙན་འཕྲིན་དང་ལག་ཐོགས་ཁ་པར། འབྲུག་པ་ཚོས་ཉིན་ལྟར་བཀོལ་སྤྱོད་བྱེད་ཀྱི་ཡོད་པའི་ཅ་ལག་རྣམས་མཁོ་ངེས་མིན་པའི་དངོས་ཟོག་གི་གྲས་སུ་བརྩི་རྒྱུ་ཡིན་ནམ། འབྲུག་ཡུལ་གྱི་ལས་རིགས་མཐའ་དག་གྲངས་རྟགས་ཅན་དུ་འགྱུར་གྱི་ཡོད་པ་མིན་ནམ། ཕྱི་རྒྱལ་གྱི་རླངས་འཁོར་ནང་འདྲེན་བྱས་ན་དཔྱ་ཁྲལ་ཆེན་པོ་རྒྱག་གི་ཡོད་པ་ལྟར་ལག་ཐོགས་ཁ་པར་སོགས་ལའང་དཔྱ་ཁྲལ་ཆེན་པོ་འགེལ་རྒྱུ་ཡིན་ནམ་ཞེས་དོགས་སློང་བྱས་པར་མ་ཟད། འབྲུག་ཡུལ་གྱི་དཔྱ་ཁྲལ་ཁྲིམས་ཡིག་ལ་འགྱུར་བ་བཏང་ན་གནོད་སྐྱོན་ཅི་ཞིག་འབྱུང་རྒྱུ་ཡིན་མིན་སྔོན་དཔག་ཐུབ་དགོས་ཞེས་ནན་གྱིས་བསྐུལ། ཀུན་གསལ་ཁང་ནས་རི་ལུང་གིས་ཡོངས་སུ་བསྐོར་བའི་འབྲུག་ཡུལ་ལ་མཚོན་ན་རྒྱལ་ནང་གི་དཔྱ་ཁྲལ་ཡོང་འབབ་མང་དུ་གཏོང་རྒྱུ་དང་དཔལ་འབྱོར་རང་མགོ་ཐོན་རྒྱུ་གནད་འགག་ཆེན་པོ་རེད། འབྲུག་གཞུང་གིས་ལོ་བཅུ་ཕྲག་མང་པོར་དེ་ལ་དམིགས་པ་གཏད་ནས་ལས་དོན་བསྒྲུབས། འབྲུག་གི་རྩ་ཁྲིམས་སུ་རྒྱལ་ནང་གི་འགྲོ་གྲོན་རྣམས་རྒྱལ་ནང་གི་དཔྱ་ཁྲལ་བསྡུས་ནས་རང་ཁ་གསོ་ཐུབ་ཞིག་འཁྱོངས་དགོས་ཞེས་བཀོད། ང་ཚོས་ཆུ་ཤུགས་གློག་ཁང་གི་ཚོང་ལས་འབའ་ཞིག་ལ་བློ་གཏད་བཅོལ་རྒྱུ་མང་དྲགས་འདུག ཉེ་བའི་ལོ་ཤས་ཤིག་ནས་ཆུ་ཤུགས་གློག་ཁང་ཁག་གི་ཚོང་ལས་ལ་གྱོང་གུད་འཕོག་གི་ཡོད་པ་དང་འབྲུག་ཡུལ་གྱི་སྲིད་ཇུས་ཁག་ལ་འགྱུར་བ་བཏང་སྟེ་ཡུལ་སྐོར་སྤྲོ་འཆམ་མམ། མགྲོན་སྐྱོང་གི་ཚོང་ལས་ཁག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་འདུག དེས་ན་འབྲུག་གཞུང་གིས་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་འདི་ཕུགས་སུ་དགེ་མཚན་ཡོད་མེད་བསམ་ཞིབ་ནན་པོ་བྱ་དགོས། ཏོག་དབྱིབས་ནད་ཡམས་ཀྱིས་འབྲུག་ཡུལ་ལ་སྔོན་ཆད་བྱུང་མྱོང་མེད་པའི་འགྱུར་བ་ཞིག་ཐེབས་པ་དང་སྲིད་ཇུས་ཅི་ཞིག་གཏན་འབེབས་བྱས་ཀྱང་འཕྲལ་ཕུགས་ཀྱི་ཁེ་གྱོང་ལ་ཅིས་ཀྱང་བསམ་ཞིབ་བྱ་དགོས་ཞེས་གནས་ཚུལ་སྤེལ་འདུག

XS
SM
MD
LG