ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

ཡུཀ་རེན་གྱི་ས་ཁུལ་བཞི་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པའི་གསལ་བསྒྲགས།


༅།། དེ་རིང་ཕྱི་ཟླ་༩་པའི་ཚེས་༣༠་ཉིན་ཨུ་རུ་སུའི་སྲིད་འཛིན་ལས་ཁུངས་ཀྱི་སན་ཊི་འཇོར་ཇཱིའི་ཚོགས་ཁང་ཆེན་མོར་མཛད་སྒོ་ཚོགས་ཏེ་སྲིད་འཛིན་ཕུ་ཊིན་གྱིས་ཡུཀ་རེན་ནས་ཁ་བྲལ་ལོགས་སུ་ཐོན་པའི་ལུ་ཧན་ཛིཀ་དང་ཌོ་ནེ་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་བཅས་ཀྱི་འགོ་ཁྲིད་ཚོར་ཐུག་འཕྲད། ས་ཁུལ་དེ་དག་དངོས་སུ་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་པ་ཡིན་ཞེས་གསལ་བསྒྲགས་སྤེལ། གཟའ་པ་སངས་ཉིན་ཨེཀ་སིའོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕུ་ཊིན་གྱིས་ང་ཚོས་ས་ཁུལ་དེ་དག་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་བསྡུས་པའི་གྲོས་མཐུན་བཞག་ཡོད། ས་ཁུལ་དེ་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་པ་དེ་ཐག་གཅོད་བྱས་ཟིན་པའི་བྱ་བ་ཞིག་ཡིན་པས་དེ་ལ་འགྱུར་བ་མེད། ང་ཚོར་གང་ཡོད་པ་རྣམས་བཀོལ་སྤྱོད་བྱས་ནས་ས་ཁུལ་དེ་དག་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན། ས་ཁུལ་དེ་དག་ལོ་རྒྱུས་ཐོག་ཏུ་ཨུ་རུ་སུའི་མངའ་ཁོངས་རེད། ང་ཚོས་ས་ཁུལ་དེ་དག་གི་མི་དམངས་རྣམས་བློས་གཏོང་མི་སྲིད། ཡུ་རེན་གྱིས་གྲོས་མོལ་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཐང་ཆེན་དམར་པོར་རོལ་དབྱངས་དཀྲོལ་ཚོགས་བསྡུས། ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ ཛ་པོ་རི་ཤི་ཡ་དང་ཁར་སན་རྣམས་ཨུ་རུ་སུའི་མངའ་ཁོངས་རེད་ཅེས་འཁོད་པའི་ཡིག་ཆེན་རྣམས་བརྙན་འཕྲིན་ནང་ལ་འཆར་དུ་བཅུག་སྟེ་དགའ་སྟོན་ཚུགས། ༢༠༡༤་ལོར་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུའང་མོ་སི་ཀོའི་ཐང་ཆེན་དམར་པོར་དགའ་སྟོན་རྒྱ་ཆེན་པོ་ཚོགས། ཨུ་རུ་སུའི་གྲོས་ཚོགས་གོང་མའི་ཚོགས་གཙོས་ཕྱི་ཟླ་༡༠་པའི་ཚེས་༤་སྟེ། སྲིད་འཛིན་ཕུ་ཊིན་ལོ་༧༠་ཐམ་པར་སོན་པའི་སྐྱེས་སྐར་མ་བསླེབས་པའི་ཉི་མ་གསུམ་གྱི་སྔོན་དུ་ཡུཀ་རེན་གྱི་ས་ཁུལ་དེ་རྣམས་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་རྒྱུའི་གྲོས་ཆོད་འཇོག་འཆར་ཡོད་ཟེར། ཨུ་རུ་སུའི་གྲོས་ཚོགས་འོག་མ་ཕྱི་ཟླ་༡༠་པའི་ཚེས་༣་དང་༤་གཉིས་ལ་ཚོགས་ནས་ཡུཀ་རེན་གྱི་ཁ་བྲལ་ས་ཁུལ་བཞིའི་མང་མོས་འོས་བསྡུའི་གྲུབ་འབྲས་ལྟར་བཅའ་ཁྲིམས་གཏན་འབེབས་བྱ་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག

དེ་རིང་གཟའ་པ་སངས་ཉིན་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིས་རྒྱལ་ཡོངས་བདེ་འཇགས་ལྷན་ཁང་དང་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོ་ཛ་དྲག་གི་ཚོགས་འདུར་བསྐོངས། མདང་དགོང་སྲིད་འཛིན་ཛེ་ལན་སི་ཀིས་མང་མོས་འོས་བསྡུ་དེར་དོན་སྙིང་མེད་པ་དང་དངོས་ཡོད་གནས་སྟངས་ལ་འགྱུར་བ་ཐེབས་མི་ཐུབ། ང་ཚོས་ཡུཀ་རེན་གྱི་མངའ་ཁོངས་གོང་བུ་གཅིག་གྱུར་སླར་གསོ་བྱ་རྒྱུ་ཡིན། ཨུ་རུ་སུས་གཡོ་ཁྲམ་གྱི་འོས་བསྡུ་ཞིག་བྱས་པ་ནི་འོས་བསྡུའི་ལད་ཟློས་ཤིག་ཀྱང་མ་རེད་ཅེས་བསྒྲགས། རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུས་བཙན་འཕྲོག་བྱས་པའི་ས་ཁུལ་བཞིས་ཡུཀ་རེན་གྱི་ས་ཁྱོན་བརྒྱ་ཆ་༡༥་ཟིན། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་ལོ་བརྒྱད་ཀྱི་སྔོན་དེར་ཨུ་རུ་སུས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་མང་མོས་འོས་བསྡུ་ཟེར་བ་ཞིག་བྱས་ནས་གླིང་ཟུར་དེ་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས། ད་ལྟ་སླར་ཡང་ཕུ་ཊིན་གྱིས་གཡོ་ཐབས་དེ་སྤྱད་ནས་ཡུཀ་རེན་གྱི་ས་ཁུལ་བཞི་ཧམ་འཕྲོག་བྱས་པ་རེད། ཨུ་རུ་སུས་མང་མོས་འོས་བསྡུ་བྱས་ཀྱང་ཁྱད་པར་མེད། ས་ཆ་དེ་རྣམས་ཡུཀ་རེན་གྱི་མངའ་ཁོངས་ཡིན་པ་སུ་གཅིག་གིས་ཀྱང་བསྙོན་མི་ཐུབ། ང་ཚོས་རང་གི་ས་ཆ་ཕྱིར་ལེན་གྱི་དམག་འཁྲུག་རྒྱག་གི་ཡོད་པ་གཏན་ནས་མཚམས་འཇོག་བྱེད་མི་སྲིད་ཅེས་མང་མོས་འོས་བསྡུ་དེར་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ། ༢༠༡༤་ལོ་ནས་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ་ས་གནས་ཀྱི་ཁ་བྲལ་རིང་ལུགས་པ་ཚོར་ཨུ་རུ་སུས་རྒྱབ་སྐྱོར་བྱས་ནས་གྱེན་ལོག་དམག་འཁྲུག་བསླངས།།

ཁ་སང་ཕུར་བུའི་ཉིན་ཨ་རིའི་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨུ་རུ་སུས་ཡུཀ་རེན་ལ་བཙན་འཛུལ་མ་བྱས་གོང་དེར་ཕུ་ཊིན་གྱིས་ལུ་ཧན་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་རང་བཙན་ཡིན་ཞེས་བསྒྲགས། འདས་པའི་ལོ་བརྒྱད་ཀྱི་རིང་ཡུཀ་རེན་གྱི་ཁ་བྲལ་གྱེན་ལོག་པའི་འགོ་ཁྲིད་ཚོས་ས་ཁུལ་དེ་དག་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་དགོས་ཞེས་ཕུ་ཊིན་ལ་འབོད་སྐུལ་ཞུས། གཡོ་ཁྲམ་གྱི་འོས་འདེམས་དེ་བྱས་ཚར་བའི་རྗེས་སུ་ཁར་སན་ས་ཁུལ་གྱི་ཁ་བྲལ་རིང་ལུགས་པའི་འགོ་ཁྲིད་ཝ་ལ་ཌི་མིར་སལ་དྷོས་ས་ཁུལ་དེ་ཨུ་རུ་སུའི་མངའ་ཁོངས་སུ་བསྡུ་དགོས་ཞེས་ཕུ་ཊིན་ལ་རེ་བ་བཏོན། བདུན་ཕྲག་སྔོན་མའི་གཟའ་པ་སངས་ནས་བདུན་ཕྲག་འདིའི་གཟའ་མིག་དམར་བར་དུ་ཨུ་རུ་སུས་ཉིན་ལྔར་ཡུཀ་རེན་གྱི་ཁ་བྲལ་ས་ཁུལ་བཞིར་མང་མོས་འོས་བསྡུ་ཚུགས། ཨུ་རུ་སུའི་ཕྱོགས་གཏོགས་ཡུཀ་རེན་གྱི་གྱེན་ལོག་ས་ཁུལ་བཞིའི་འགོ་ཁྲིད་ཚོས་མི་དམངས་བརྒྱ་ཆ་༨༧་ནས་༩༩་ལྷག་གིས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཚོགས་ཀྱི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་འོས་ཤོག་འཕངས་འདུག ད་ཐེངས་ཀྱི་མང་མོས་འོས་འདེམས་ནི་དྲང་སྙོམས་དང་ཕྱི་གསལ་ནང་གསལ། རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་མཚོན་ཡོད། ཁར་སན་ས་ཁུལ་གྱི་མི་དམངས་བརྒྱ་ཆ་༨༧.༠༥་དང་ཛ་པོ་རི་ཤི་ཡའི་མི་དམངས་བརྒྱ་ཆ་༩༣.༡༡། ལུ་ཧན་སིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་བརྒྱ་ཆ་༩༨.༤༢། ཌོ་ནེ་ཛིཀ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་བརྒྱ་ཆ་༩༩.༢༣་གྱིས་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུའི་འོས་ཤོག་འཕངས་འདུག་ཟེར།།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་སྣེ་ཌི་ཁར་ལོས་ཨུ་རུ་སུའི་འོས་བསྡུ་དེ་ཡུཀ་རེན་གྱི་ས་ཆ་ཧམ་འཕྲོག་བྱ་རྒྱུའི་ཀུན་སློང་འབའ་ཞིག་ཡིན་པས་འོས་བསྡུའི་གྲུབ་འབྲས་དེ་ཁྲིམས་མཐུན་ནམ། ཡང་ན་མིང་དོན་མཚུངས་པའི་མང་མོས་འོས་བསྡུ་ཞིག་ལ་ནམ་ཡང་འགྱུར་མི་སྲིད། ས་ཁུལ་དེ་དག་གི་མི་དམངས་ཀྱི་མངོན་འདོད་ནི་དེ་བས་ཀྱང་མཚོན་མི་ཐུབ་ཅེས་དགག་པ་བརྒྱབ། ཨུ་རུ་སུས་འོས་བསྡུ་བྱ་ཡུལ་ས་ཁུལ་དེ་དག་གི་ཡུཀ་རེན་བ་ཚོར་གཏན་ནས་འོས་ཤོག་འཕེན་འདོད་མེད་ཀྱང་ཨུ་རུ་སུའི་དམག་གིས་མེ་མདའ་བཙུགས་ནས་བཙན་ཤེད་ཀྱིས་འོས་ཤོག་འཕེན་དུ་བཅུག ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱ་རྒྱུ་མིན་ཞེས་འོས་ཤོག་འཕངས་པ་རྣམས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨུ་རུ་སུའི་འོས་འདེམས་དེ་ཁྲིམས་འགལ་ཡིན་པ་དང་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་མེད་ཅེས་སྐྱོན་བརྗོད་བྱས་འདུག ཨ་མི་རི་ཀ་དང་ཡུ་རོབ་མཉམ་འབྲེལ་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་གཡོ་ཁྲམ་གྱི་མང་མོས་འོས་བསྡུའི་གྲུབ་འབྲས་དེར་ངོས་ལེན་བྱེད་ཀྱི་མེད་པར་མ་ཟད། ཐ་ན་ཨུ་རུ་སུའི་མཐུན་གྲོགས་རྒྱལ་ཁབ་སར་བྷི་ཡ་དང་ཁ་ཛཀ་སི་ཐན་སོགས་ཀྱིས་ཀྱང་མང་མོས་འོས་བསྡུ་དེའི་གྲུབ་འབྲས་ལ་ངོས་ལེན་མེད་ཅེས་གསལ་བསྒྲགས་སྤེལ། དམག་དོན་ཉམས་ཞིབ་པ་ཁག་ཅིག་གིས་ཕུ་ཊིན་གྱིས་ས་ཁུལ་དེ་དག་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པ་ཡིན་ཞེས་གསལ་བསྒྲགས་སྤེལ་ནས་དགའ་སྟོན་ཚུགས་ཀྱང་ཡུཀ་རེན་གྱིས་སླར་ཡང་ཨུ་རུ་སུའི་དམག་ལ་གཏོར་རྒོལ་ཤུགས་ཆེན་པོ་ཞིག་བྱ་རྒྱུའི་རྟགས་མཚན་འདུག ཡུཀ་རེན་གྱི་དམག་གིས་ལི་མན་གྲོང་རྡལ་མཐའ་བསྐོར་ནས་ཌོ་ནེ་ཛིཀ་ཞིང་ཆེན་ལ་དཔུང་འཇུག་བྱེད་ཆོག་ཆོག་རེད། ལི་མན་གྲོང་རྡལ་དུ་བཀྲམ་ཡོད་པའི་ཨུ་རུ་སུའི་དམག་དཔུང་ལ་མཚོན་ཆ་དང་རྒྱགས་ཆས། སྨན་དང་རྒྱབ་གནོན་དཔུང་རོགས་སོགས་གཏོང་མ་ཐུབ་པར་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འགྱུར་རྒྱུའི་ཉེན་ཁ་འདུག་ཅེས་བསྟན། སུད་ཌེན་གྱི་སྲིད་བློན་ཟུར་པ་ཁར་བྷིལ་ཊིས་ཨུ་རུ་སུར་ཡང་སྐྱར་སྣ་སུན་ཆེན་པོ་ཞིག་འཕོག་རྒྱུ་ཉག་ཅིག་རེད་ཅེས་ཊོས་ཊར་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཕྱི་ཟླ་༩་པའི་ཚེས་༢༩་ཉིན་ཨ་མི་རི་ཀས་བསྐྱར་དུ་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་༡༡་གི་མཚོན་ཆ་རོགས་རམ་སྤྲོད་རྒྱུའི་ཐག་བཅད། མཚོན་ཆ་དེ་དག་གི་གྲས་སུ་ཡུཀ་རེན་གྱི་དམག་ལ་དགོས་མཁོ་ཤིན་ཏུ་ཆེ་བའི་ཧི་མར་སི་མེ་སྒྱོགས་༡༨་འདུས། ༢༠༢༡་གི་ཕྱི་ཟླ་དང་པོ་ནས་ཨ་མི་རི་ཀས་ཡུཀ་རེན་ལ་ཨ་སྒོར་དུང་༡༦༢་ཀྱི་དམག་དོན་རོགས་སྐྱོར་སྤྲད། དེ་བཞིན་ཡུ་རོབ་མཉམ་འབྲེལ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག ཉི་ཧོང་དང་ཐེ་ཝན། ཨེ་ཤི་ཡའི་ཨ་མི་རི་ཀའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་ཀྱང་ཡུཀ་རེན་ལ་དཔལ་འབྱོར་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྤྲད།།

ཉམས་ཞིབ་པ་ཁག་ཅིག་གིས་ཡུཀ་རེན་གྱི་ཁ་བྲལ་ས་ཁུལ་བཞི་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་པའི་རྗེས་སུ་དམག་འཁྲུག་གི་ཛ་དྲག་ཆེ་རུ་གཏོང་ངེས་རེད། ཡུཀ་རེན་གྱི་དམག་གིས་ཁ་བྲལ་གྱེན་ལོག་པའི་ས་ཁུལ་དེ་ཚོར་གཏོར་རྒོལ་བྱེད་ན་ཨུ་རུ་སུར་གཏོར་རྒོལ་བྱས་སོང་ཞེས་ལན་ཁག་དཀྲིས། དེ་ནས་ཨུ་རུ་སུས་རང་གི་མངའ་ཁོངས་ལ་སྲུང་སྐྱོབ་བྱེད་ཀྱི་ཡོད་ཅེས་ཡུཀ་རེན་ལ་རྡུལ་ཕྲན་མཆོན་ཆས་གཏོར་རྒོལ་གཏོང་སྲིད་པར་བློ་འཚབ་བྱེད་དགོས་པ་ཞིག་ཏུ་གྱུར། ཕྱི་ཟླ་༩་པའི་ཚེས་༢༡་གི་དམག་སྐུལ་དུས་སུ་ཕུ་ཊིན་གྱིས་ཨུ་རུ་སུའི་མངའ་ཁོངས་གོང་བུ་གཅིག་གྱུར་དང་ཨུ་རུ་སུའི་མི་དམངས་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་བྱུང་ན་ང་ཚོར་གང་ཡོད་པ་རྣམས་བཀོལ་སྤྱོད་བྱ་རྒྱུ་ཡིན་ཞེས་རྡུལ་ཕྲན་མཚོན་ཆས་འཇིགས་སྣང་བསྐུལ། ཉེ་དུས་ཤིག་ནས་ཡུཀ་རེན་གྱི་དམག་ས་ཁག་ཏུ་ཨུ་རུ་སུའི་དམག་དཔུང་ལ་ཕམ་ཉེས་ཚབས་ཆེན་བྱུང་སྟེ་དམག་མི་ཁྲི་ཚོ་མང་པོར་བསད་རྨས་ཀྱི་གནོད་འཚེ་ཕོག ཕུ་ཊིན་གྱིས་དམག་སྐུལ་བྱས་པའི་རྗེས་སུ་ཨུ་རུ་སུའི་སྐྱེས་པ་དམག་ཁོངས་སུ་ཞུགས་དགོས་པའི་ལོ་ཚད་ལོན་པ་འབུམ་༥་ལྷག་འཇོར་ཇཱི་ཡ་དང་ཧྥིན་ལན་ཌི། ཁ་ཛཀ་སི་ཐན་དང་སོག་ཡུལ། ཏུར་ཀི་སོགས་ལ་བྲོས། ད་དུང་ཨུ་རུ་སུ་རྒྱལ་ཡོངས་སུ་ཕུ་ཊིན་གྱི་དམག་སྐུལ་བཀའ་རྒྱར་ངོ་རྒོལ་གྱི་ལས་འགུལ་ལངས། དེར་བརྟེན་ཕུ་ཊིན་ལ་ཡུཀ་རེན་གྱི་དམག་འཁྲུག་གི་རྒྱལ་ཁ་མ་ཐོབ་པ་དང་ཨུ་རུ་སུའི་མངའ་ཁོངས་སུ་ཟླ་སྒྲིལ་བྱས་པའི་ས་ཁུལ་དེ་དག་འཛིན་མ་ཐུབ་ཚེ། ཨུ་རུ་སུའི་ནང་ཁུལ་དུ་གྱེན་ལོག་བྱུང་ནས་ཕུ་ཊིན་མགོ་རྟིང་སློག་སྟེ་སྲོག་མགོ་ཐོན་ཐུབ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG