ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

གཟའ་ལྷག་པའི་ཉིན་ཏོག་དབྱིབས་ནད་དུག་གིས་མི་༢༥༤་གྲོངས།


༄༅།། ཕྱི་ཟླ་༢་ཚེས་༡༣་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་མི་༡༣༦༧་ལ་འཆི་སྐྱོན་དང་མི་༥༩༨༠༥་ལ་གློ་ཚད་རིམས་ནད་འགོས་ཡོད། ཁ་སང་ཕྱི་ཟླ་༢་ཚེས་༡༢་གཅིག་པུར་མི་༢༥༤་ལ་འཆི་སྐྱོན་དང་རྒྱ་ནག་རྒྱལ་ཡོངས་སུ་ནད་པ་གསར་པ་༡༥༡༥༢་བྱུང་ཡོད། ཧུ་པེ་ཞིང་ཆེན་དུ་བྱུང་བའི་འཆི་སྐྱོན་དང་ནད་མནར་གྱི་གྲངས་འབོར་ནི་སྔོན་གྱི་ཟིན་ཐོ་བརྒལ་སོང་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་ཞིག་རོ་ཡེ་ཊར་གསར་འགྱུར་ལས་ཁང་གིས་བརྒྱུད་བསྒྲགས་བྱས་འདུག

བོད་ཀྱི་ས་ཁུལ་ཁག་ལ་མཚོན་ན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དུ་ཏོག་དབྱིབས་ནད་དུག་ཕོག་ཡོད་པའི་ནད་པ་༣༧་ཡོད་པ་དང་ཟི་ལིང་གྲོང་ཁྱེར་དུ་ནད་པ་བཅོ་ལྔ། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༦་དང་མཚོ་བྱང་ཁུལ་དུ་ནད་པ་གསུམ། རྔ་པ་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་གཅིག་བཅས་ཁྱོན་བསྡོམས་བོད་ས་ཁག་ཏུ་ཝུ་ཧན་གྱི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༦༢་ཡོད་འདུག འོན་ཀྱང་ནད་པ་ཚང་མ་བོད་པ་ཡིན་མིན་རྩད་གཅོད་མི་ཐུབ་པ་དང་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཡོང་བའི་རྒྱ་ནག་པ་ཞིག་ལ་ཏོག་དབྱིབས་ནད་དུག་གིས་ནད་མནར་བྱུང་སྟེ་ལྷ་སའི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱས་པའི་རྗེས་སུ་ཁ་སང་གཟའ་ལྷག་པའི་ཉིན་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱི་ལ་ཐོན་འདུག དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནད་པ་༣༢་རྟའུ་རྫོང་གཅིག་པུར་ཡོད་ཅིང་། ནད་པ་དེ་རྣམས་ྱིམ་ཚང་གསུམ་གྱི་མི་རྣམས་ཡིན་པ་མ་ཟད། ཁྱིམ་ཚང་གཅིག་ལ་ནད་པ་མི་༡༠་ཡོད་པ་དང་ད་དུང་རྟའུ་རྫོང་དུ་མི་༡༨༣་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་དོགས་པ་བྱས་ནས་ཟུར་དུ་ལྟ་རྟོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

འདི་ཙམ་ན་བོད་ཀྱི་གཉའ་ལམ་རྫོང་གི་འགྲམ་ས་ཁུལ་གྱི་འགག་སྒོ་དང་རྒྱང་ཐག་རིང་པོ་མེད་པའི་བལ་ཡུལ་གྱི་ས་མཚམས་སུ་ཆགས་པའི་གྷུམ་པ་གྲོང་གསེབ་ལ་དགུན་དུས་ཀྱི་ཆམ་ཚད་ལྟ་བུའི་ནད་ཡམས་ཤིག་ཁྱབ་ནས་མི་༢༠༠་ལྷག་ལ་ནད་མནར་བྱུང་འདུག ནད་རྟགས་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་འདྲ་བོ་ཞིག་རེད་ཅེས་སིན་དྷུ་པལ་ཅོཀ་རྫོང་གི་ལས་སྣེ་ཚོས་བལ་ཡུལ་གཞུང་ལ་སྙན་སེང་ཞུས། དེར་བརྟེན་བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་འཕྲལ་དུ་སྨན་པའི་རུ་ཁག་ཅིག་བཏང་ནས་གྷུམ་པ་གྲོང་ཚོའི་ནད་པ་ཚོར་སྨན་ཁང་དུ་བརྟག་དཔྱད་བྱེད་ཀྱི་ཡོད་ཀྱང་ས་གནས་དེའི་བལ་བོ་གྲོང་གསེབ་པ་ཚོར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་བོད་ནས་བལ་ཡུལ་གྱི་ས་མཚམས་སུ་ཁྱབ་ཀྱི་ཡོད་སྲིད་པའི་འཇིགས་སྣང་ཆེན་པོ་ཡོང་གི་ཡོད་ཅིང་། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་མ་ཧན་དྷ་ར་ཤ་རེ་སི་ཐ་ཞེས་པ་ཞིག་གིས་གྷུམ་པ་གྲོང་གསེབ་ཀྱི་ཡུལ་མི་ཚོར་དགུན་དུས་ཀྱི་ཆམ་ཚད་ཅིག་ཕོག་ཡོད་པ་འདྲ། རྒྱ་ནག་གི་ཏོག་དབྱིབས་ནད་དུག་བལ་ཡུལ་ལ་ཁྱབ་ཀྱི་འདུག་ཟེར་པ་ནི་དཀྲོག་གཏམ་ཡིན་རྒྱུ་རེད་ཅེས་བཤད། བལ་ཡུལ་གྱི་འཕྲོད་བསྟེན་ལྷན་ཁང་གི་ལས་སྣེ་གཞན་པ་སཱ་གྷར་དྷལ་ཞེས་པ་ཞིག་གིས་ཀྱང་སྨན་པ་༧་ལས་གྲུབ་པའི་རུ་ཁག་ཅིག་གྷུམ་པ་གྲོང་གསེབ་ལ་བཏང་ནས་བརྟག་དཔྱད་བྱེད་དུ་བཅུག་ཡོད། གལ་སྲིད་ནད་ཡམས་དེ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་པ་ཡིན་ན་བལ་ཡུལ་འཕྲོད་བསྟེན་ལྷན་ཁང་གིས་སྨན་པ་ཚོར་ཅི་ཞིག་བྱ་དགོས་མིན་བཀོད་འདོམས་བྱ་འཆར་ཡོད་ཅེས་བཤད་འདུག

ད་ལྟ་ཝུ་ཧན་གྲོང་ཁྱེར་གྱི་སྨན་ཁང་ཁག་དང་ཧུ་པེ་ཞིང་ཆེན་དུ་མིའི་གློ་བར་གློག་པར་བརྒྱབ་ནས་ནད་རྟགས་ཐོན་ན་ཏོག་དབྱིབས་ནད་དུག་འགོས་པར་བརྩིས་ནས་སྨན་བཅོས་བྱ་རྒྱུ་འགོ་ཚུགས། སྔོན་ཆད་མི་ལ་གློག་པར་བརྒྱབ་པ་དང་གློ་བའི་ནང་དུ་ནད་རྟགས་རྙེད་ན་ད་གཟོད་ཏོག་དབྱིབས་ནད་དུག་ཡིན་མིན་བརྟག་དཔྱད་བྱེད་དུ་འཇུག་གི་ཡོད་པས་དེ་ལ་དུས་ཡུན་རིང་པོ་འགོར། ད་ལྟའི་བཅོས་ཐབས་གསར་པ་འདིས་གློ་བར་གློག་པར་བརྒྱབ་ནས་ནད་རྟགས་ཤིག་རྙེད་ན་ཏོག་དབྱིབས་ནད་དུག་འགོས་ཡོད་པར་བརྩིས་ནས་སྨན་བཅོས་བྱ་རྒྱུ་འགོ་ཚུགས་འདུག རྒྱ་ནག་གི་ཧུ་པེ་ཞིང་ཆེན་དུ་ལག་ལེན་བསྟར་ཀྱི་ཡོད་པའི་བཅོས་ཐབས་གསར་པ་འདིས་ནད་པ་མང་པོ་ཞིག་ལ་སྨན་བཅོས་བྱ་རྒྱུ་ཇེ་མགྱོགས་སུ་གཏོང་ཐུབ་ཀྱང་དེ་ལ་ཉེན་ཀ་ཞིག་ཀྱང་ཡོད་པ་སྟེ། དཔེར་ན་གློ་ཚད་དཀྱུས་མཞིག་བྱུང་ཡོད་པའི་ནད་པ་ཚོ་ལའང་ནད་རྟགས་འཐོན་གྱི་ཡོད་པས་སྨན་པ་ཚོས་ཏོག་དབྱིབས་ནད་དུག་འགོས་མེད་པའི་ནད་པ་ཚོ་ལའངཏོག་དབྱིབས་ནད་དུག་འགོས་ཡོད་པར་བརྩིས་ནས་སྨན་བཅོས་ལོག་པ་བྱ་སྲིད་པའི་ཉེན་ཀ་ཡོད་པ་རེད།

འདས་པའི་ཉི་མ་འགའ་ཞིག་ལ་རྒྱ་ནག་གཞུང་གིས་མི་ལ་འཆི་སྐྱོན་དང་གསར་དུ་ནད་མནར་བྱུང་བའི་གྲངས་འབོར་ཇེ་ཉུང་དུ་འགྲོ་བཞིན་འདུག་ཅེས་བསྒྲགས། ཡིན་ནའང་ཁ་སང་གཟའ་ལྷག་པའི་ཉིན་རྒྱ་ནག་གི་ཧུ་པེ་ཞིང་ཆེན་ནང་དུ་ཏོག་དབྱིབས་ནད་དུག་འགོས་ནས་མི་ལ་འཆི་སྐྱོན་བྱུང་བ་དང་ནད་མནར་གྱི་གྲངས་འབོར་ཇེ་མང་དུ་སོང་བ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་ཚབས་ཆེའི་འགོས་ནད་དེར་བཀག་སྡོམ་ནུས་པ་ཐོན་པ་ཞིག་བྱེད་ཐུབ་ཀྱི་མེད་པའི་རྟགས་སུ་མངོན། ལྷག་པར་དུ་སྲིད་འཛིན་ཞིས་ཅིན་ཕིང་གིས་ཕྱི་ཟླ་༤་པའི་ཟླ་མཇུག་ཏུ་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་ཅིག་ཁྱབ་ཡོད་པ་རྩ་མེད་གཏོང་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་མངོན་དུ་འགྱུར་ཐུབ་རྒྱུ་ཁག་པ་ཡིན་སྲིད

ཉི་ཧོང་གི་ཡོ་ཁཱོ་ཧ་མ་མཚོ་ཁར་མི་༣༧༠༠་ཡོད་པའི་རྒྱལ་སྤྱིའི་སྤྲོ་འཆམ་གྲུ་གཟིངས་ཤིག་འགག་ཡོད་པ་དེར་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་གསར་པ་༤༤་བྱུང་ཞིང་། ད་ལྟ་གྲུ་གཟིངས་དེར་ཁྱོན་བསྡོམས་༡༧༤་ཡོད་པ་དེ་དག་ལ་ཉི་ཧོང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་འགྲུལ་པ་གཞན་རྣམས་གྲུ་གཟིངས་ནང་ནས་ཕྱི་ལ་འཐོན་དུ་འཇུག་གི་མེད་པ་རེད། ཡང་འགྲུལ་པ་༡༤༥༥་དང་གྲུ་གཟིངས་ཀྱི་ལས་བྱེད་པ་༨༠༢་ཡོད་པའི་སྤྲོ་འཆམ་གྲུ་གཟིངས་གཞན་ཞིག་གི་ནང་དུའང་ཏོག་དབྱིབས་ནད་དུག་ཁྱབ་ཡོད་པའི་དོགས་ཟོན་གྱིས་ཁེམ་བྷོ་ཌི་དང་ཐེ་ལན་ཌི། ཉི་ཧོང་དང་ཐེ་ཝན། ཨ་རིའི་གྭམ་མངའ་ཁུལ་དང་ཧྥི་ལི་ཕིན་བཅས་ཀྱིས་རང་རང་གི་གྲུ་ཁར་འབབ་སྡོམ་བྱེད་དུ་འཇུག་གི་མེད་པས་གྲུ་གཟིངས་ཆེན་པོ་དེ་མཚོ་ཐོག་ཏུ་འགག་འདུག

ཧོང་ཀོང་ས་གནས་གཞུང་གིས་རིམས་ནད་འགོག་ཐབས་སུ་ཕྱི་ཟླ་༣་པའི་ཚེས་༡༦་བར་དུ་མངའ་ཁུལ་དེའི་སློབ་གྲྭ་ཁག་སྒོ་རྒྱག་རྒྱུའི་ཐག་བཅད། ཧོང་ཀོང་གི་ཚོང་ཁང་ཆེ་ཁག་གི་ཁང་བདག་ཚོས་ཕྱི་ཟླ་༢་པ་འདིར་མོ་ཡན་ཚོར་ཁང་གླ་བརྒྱ་ཆ་༦༠་ལྷག་གཅོག་རྒྱུ་ཡིན་ཞེས་བརྡ་སྦྱོར་བཀྲམ། ད་ལོའི་རིམས་ནད་ཀྱིས་ཧོང་ཀོང་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པའི་བཀག་སྡོམ་བྱས་པ་དང་མངའ་ཁུལ་དེར་ཚོང་ལས་མེད་པར་ཚོང་ཁང་རྣམས་སྟོང་པར་ལུས་ཡོད་པ་རེད།

གཟའ་ཕུར་བུའི་ཉིན་ཨོ་གླིང་རྒྱལ་ཁབ་ཀྱི་སྲིད་བློན་མཱོ་རི་སན་གྱིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁོ་ཚོས་སླར་ཡང་བདུན་ཕྲག་གཅིག་གི་རིང་ལ་རྒྱ་ནག་ནས་ཡོང་བའི་ཕྱི་རྒྱལ་བ་རྣམས་ཨོ་གླིང་རྒྱལ་ཁབ་ཀྱི་ས་ཐོག་ཏུ་འབབ་སྡོད་བྱེད་མི་ཆོག་པའི་བཀག་སྡོམ་སྲིད་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན་འདུག དབྱིན་ཡུལ་དུ་རྒྱ་ནག་གི་ཏོག་དབྱིབས་ནད་དུག་འགོས་ཡོད་པའི་ནད་པ་༩་ཡོད་པ་དང་ཨ་མི་རི་ཀར་ནད་པ་༡༤་ཡོད་པ་རྩད་གཅོད་བྱུང་། ཁ་སང་གཟའ་ལྷག་པའི་ཉིན་འཛམ་གླིང་འཕྲད་བསྟེན་སྒྲིག་འཛུགས་ཀྱིས་རིམས་ནད་འདི་ཁྱབ་གདལ་འགྲོ་རྒྱུ་ཉུང་དུ་འགྲོ་བཞིན་འདུག་ཅེས་ཚོད་དཔག་བྱ་རྒྱུ་དེར་ཧ་ཅང་གི་གཟབ་ནན་བྱ་དགོས། ད་དུང་ཡང་རིམས་ནད་འདི་ཁ་ཕྱོགས་གང་ལ་འགྱུར་རྒྱུ་ཡིན་མིན་བཤད་དཀའ་ཞེས་ཉེན་བརྡ་བཏང་འདུག

རྒྱལ་སྤྱིའི་རྒྱ་གྲམ་དམར་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱང་ཀོ་རི་ཡར་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པར་དམིགས་བསལ་སྤྲད་ནས་ཕྱིར་འཐེན་བྱ་དགོས། གལ་སྲིད་བྱང་ཀོ་རི་ཡར་རྒྱ་ནག་གི་ཏོག་དབྱིབས་ནད་དུག་ཁྱབ་ན་རྒྱལ་ཁབ་དེར་རིམས་ནད་སྔོན་འགོག་གི་ནུས་པ་དང་ཆ་རྐྱེན་སོགས་ཅི་ཡང་མི་འདུག་ཅེས་འབོད་སྐུལ་ཞུས། བྱང་ཀོ་ཡའི་གཞུང་གིས་ནད་ཡམས་སྔོན་འགོག་བྱེད་པར་མི་རྣམས་ཉི་མ་༣༠་ཐམ་པར་ཟུར་འགོག་བྱ་དགོས་ཞེས་བསྒྲགས། དེར་བརྟེན་རྒྱལ་ཁབ་དེའི་མི་དམངས་དང་རྒྱལ་ཁབ་དེར་གནས་འཁོད་ཕྱི་རྒྱལ་བསོགས་མི་ཀུན་གྱིས་ཀ་ཀོར་མེད་པར་བྱང་ཀོ་རི་ཡའི་གཞུང་གི་བཀའ་ཁྱབ་ལ་བརྩི་དགོས། ད་སྔ་རྒྱ་ནག་གི་ཕྱི་ལོགས་སུ་ཏོག་དབྱིབས་ནད་དུག་ཕོག་ནས་ཧྥི་ལི་ཕིན་གྱི་སྐྱེས་པ་ཞིག་དང་ཧོང་ཀོང་གི་སྐྱེས་པ་ཞིག་བཅས་མི་གཉིས་ལ་མ་གཏོགས་འཆི་སྐྱོན་བྱུང་མེད་ཀྱང་རིམས་ནད་འདི་འཛམ་གླིང་གི་རྒྱལ་ཁབ་དང་ས་གནས་ཁག་༢༧་ལ་ཁྱབ་ཟིན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་འདི་བཅོས་པའི་སྨན་གསར་པ་ཞིག་བཟོ་ཐབས་བྱེད་ཀྱི་ཡོད་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་འདི་བཅོས་པར་སྨན་ཁབ་གསར་པ་ཞིག་བཟོ་རྒྱུ་དེར་ཉུང་མཐར་ཡང་ལོ་གཅིག་དང་ཕྱེད་ཀ་འགོར་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་འདུག

XS
SM
MD
LG