ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཡུ་གུར་བ་ཞིག་རང་ཡུལ་ལ་གཡོ་འགུགས་བྱས་ནས་བཙོན་དུ་བཅུག་པ།


༄༅།། ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་གནས་འཁོད་ཡུ་གུར་བའི་རྩོམ་པ་པོ་གྷུལ་བྷ་ཧར་ཧེ་ཏི་ཝ་ཇཱི་ཞེས་པ་ནི་རྒྱ་ནག་གི་རྡོ་སྣུམ་བཟོ་ཚོང་ལས་ཁུངས་ཀྱི་ལས་བྱེད་པ་ཟུར་པ་ཞིག་ཡིན་ཞིང་། ཁོ་མོའི་ཁྱོ་ག་ལོ་མང་སྔོན་དུ་ཡུ་རོབ་རྒྱལ་ཁབ་ཧྥ་རན་སིར་བྲོས་བྱོལ་དུ་བསླེབས་ཏེ་སྲིད་དོན་སྐྱབས་བཅོལ་ཞུས། ལོ་བཞིའི་གཞུག་ཏུ་ཧེ་ཏི་ཝ་ཇཱི་ཡང་ཁྱོ་གའི་རྗེས་སུ་འབྲངས་ཏེ་ཧྥ་རན་སིར་བསླེབས་ཀྱང་རྒྱ་ནག་གི་སྤྱི་དམངས་ལག་འཁྱེར་ཉར་འཛིན་བྱས། ཁོ་མོ་ཆབ་སྲིད་ལ་དོ་སྣང་དང་དགའ་མོས་མེད་པས་རང་ཉིད་སྲིད་དོན་སྐྱབས་བཅོལ་བ་ཞིག་གི་ཆུང་མ་ཡིན་པའི་འདུ་ཤེས་མ་སྐྱེས། མཚམས་རེར་དུས་ཆེན་ཁག་གི་སྐབས་སུ་ཧེ་ཏི་ཝ་ཇཱི་རང་ཡུལ་ལ་གཉེན་འཕྲད་དང་གུང་སེང་དུ་བསྐྱོད་པ་སོགས་ཕར་འགྲོ་ཚུར་འོང་བྱས་ནས་བསྡད། ༢༠༡༦་ལོར་རྒྱ་ནག་གི་རྡོ་སྣུམ་བཟོ་ཚོང་ལས་ཁུངས་ཀྱིས་གྷུལ་བྷ་ཧར་ཧེ་ཏི་ཝ་ཇཱི་རྒས་ཕོགས་ལ་འབྲེལ་བ་ཡོད་པའི་ཡིག་ཆ་ཞིག་ལ་མིང་རྟགས་འགོད་དུ་ཡོང་དགོས་ཀྱི་འདུག་འབོད་འགུགས་བྱས་པ་ལྟར་ཞིན་ཅང་ལ་སོང་།།

ཁོ་མོ་རྒྱ་ནག་གི་རྡོ་སྣུམ་བཟོ་ཚོང་ལས་ཁུངས་ཀྱི་འབོད་འགུགས་དེར་དོགས་པ་བཟས་ཀྱང་བདུན་ཕྲག་གཉིས་ཀྱི་རིང་ལ་ཞིན་ཅང་དུ་འགྲོ་རྒྱུའི་བློ་ཐག་བཅད། ཧེ་ཏི་ཝ་ཇཱི་རང་ཡུལ་ལ་འབྱོར་བའི་རྗེས་སུ་རྒྱ་ནག་གཞུང་གིས་འཕྲལ་དུ་འཛིན་བཟུང་བྱས་ནས་ལོ་༣་ལ་བཙོན་ཁང་དུ་བཅུག ཁོ་མོར་རྒྱ་ནག་གཞུང་གིས་སྤྲད་པའི་ཕྱིར་སྐྱོད་ལག་འཁྱེར་ཡང་ཕྱིར་བསྡུ་བྱས་ནས་འདྲི་གཅོད་ལན་མང་། བཙོན་འཇུག་གི་མནར་གཅོད་དང་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ། ཉིན་ལྟར་དུས་ཡུན་ཆུ་ཚོད་༡༡་ལ་བཙོན་སྲུང་བ་ཚོས་ནག་ཉེས་ངོས་ལེན་བྱོས་ཞེས་སྐད་ལོག་བརྒྱབ་པ་དང་རྡུང་རྡེག ཀླད་བཀྲུ་བཅས་ཀྱི་སྡུག་སྦྱོར་ཚབས་ཆེན་མྱོང་དགོས་བྱུང་སོང་། ཁོ་མོར་བཙོན་ཁང་དུ་རྐང་ལྕགས་བརྒྱབ་སྟེ་བཀྲེས་ལྟོགས་དང་འཇིགས་སྣང་མྱངས། ཁྱད་གསོད་ལད་ཟློས་ཀྱི་ཁྲིམས་བཤེར་བྱས་ནས་ལོ་༧་ལ་ངལ་རྩོལ་སྒྱུར་བཅོད་ཀྱི་ཁྲིམས་ཐག་བཅད། ཧེ་ཏི་ཝ་ཇཱི་ལ་ནག་ཉེས་རྫུན་མ་ངོས་ལེན་དང་མིང་རྟགས་བཙན་འགོད་བྱེད་དུ་བཅུག་པར་མ་ཟད། ཁོ་མོ་རྒྱ་ནག་གི་བཙོན་ཁང་ནས་ཐར་བའི་རྗེས་སུ་ཧྥ་རན་སིར་ཕྱིར་ལོག་བྱས་ཏེ་རྒྱ་ནག་གི་བཙོན་སྒར་ཆེན་མོ་ནས་ཐར་བ་ཞེས་དཔེ་དེབ་ཅིག་བྲིས་ནས་འགྲེམ་སྤེལ་བྱས་འདུག

རྒྱ་ནག་གཞུང་གིས་ཡུ་གུར་བའི་རྩོམ་པ་པོ་ཧེ་ཏི་ཝ་ཇཱིས་བརྩམས་པའི་རྒྱ་ནག་གི་བཙོན་སྒར་ཆེན་མོ་ནས་ཐར་བ་ཞེས་པའི་དཔེ་དེབ་དེའི་བརྗོད་བྱ་མཐའ་དག་རྫུམ་གཏམ་སྤུངས་སྒྲིག་རེད། རྩོམ་པོ་ཧེ་ཏི་ཝ་ཇཱི་ནི་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ་ཞིག་རེད་ཅེས་བཙོན་ཁང་དུ་ནག་ཉེས་ངོས་ལེན་བྱས་པའི་ཡིག་ཆ་རྣམས་འཛམ་གླིང་ཡོངས་ལ་བཀྲམ། ཁོ་མོས་རྒྱ་ནག་གི་བཙོན་སྒར་ཁག་དང་བཀག་ཉར་ཁང་། ངལ་རྩོལ་ལས་གྲྭ་ཁག་ཏུ་ཅི་ཞིག་མྱངས་པ་རྣམས་ཡིག་ཐོག་ཏུ་བཀོད་ནས་ཧྥ་རན་སིའི་གསར་འགོད་པ་རོ་ཟན་མོར་གྷ་ཏ་ཞེས་པ་ཞིག་ལ་མཉམ་འབྲེལ་བྱས་ནས་དཔེ་དེབ་དཔར་དུ་བསྐྲུན་པ་དབྱིན་ཡིག་ཏུ་བསྒྱུར། ཧ་ཏི་ཝ་ཇཱིས་ངས་དཔེ་དེབ་ནང་དུ་ཅི་ཞིག་བྲིས་པ་རྣམས་བདེན་པ་ཡིན། རྒྱ་ནག་གཞུང་གིས་ངས་བཤད་པའི་སྐད་ཆ་དེ་རྣམས་བདེན་པ་མིན་པ་དང་རྫུན་གྱི་ཕུང་པོ་ཡིན་པ། ང་ནི་འཇིགས་སྐུལ་རིང་ལུགས་པ་དང་ཁ་བྲལ་རིང་ལུགས་པ་ཞིག་རེད་ཟེར་རྒྱུ་ཡང་ཆོས་ཉིད་རེད། ངས་བཙོན་ཁང་དུ་ནག་ཉེས་རྫུན་མ་ངོས་ལེན་བྱས་ནས་མིང་རྟགས་འགོད་དགོས་བྱུང་བ་རྣམས་ཀྱང་དཔེ་དེབ་ནང་དུ་བཀོད་ཡོད། ནག་ཉེས་རྫུན་མ་དེ་རྣམས་ང་ལ་རྒྱ་གཞུང་གི་བཙོན་སྲུང་བ་ཚོས་ཉིན་ལྟར་བསླབས་ནས་བློ་འཛིན་བྱེད་དུ་བཅུག་པ་རེད། ང་བཙོན་ཁང་ནས་ཐར་ཐབས་སུ་ནག་ཉེས་རྫུན་མ་རྣམས་ངོས་ལེན་བྱས་པ་ཡིན། མི་གཞན་པ་སུ་ཞིག་ཡིན་རུང་ནག་ཉེས་རྫུན་མ་དེར་མིང་རྟགས་བཀོད་ནས་སོ་སོ་བཙོན་ཁང་ནས་ཐར་ཐབས་བྱེད་ངེས་རེད། ངས་དཔེ་དེབ་འདི་འདྲ་ཞིག་བྲིས་པར་རྒྱ་ནག་གཞུང་ཁོང་ཁྲོ་ལང་རྒྱུ་ཡིན་པ་ཤེས་ཡོད། ངས་ལོ་༣་ཡས་མས་ཤིག་ལ་བཙོན་འཇུག་གི་མནར་གཅོད་དང་ཀླད་བཀྲུ། སུན་གཙེར་སོགས་ཀྱི་སྡུག་སྦྱོང་མྱངས་པ་ནི་ང་ལ་ནག་ཉེས་ཡོད་པས་མིན། དེ་ནི་ང་ཡུ་གུར་བ་ཞིག་ཡིན་པ་ཁོ་ནས་རེད་ཅེས་བཤད་འདུག

ཐོག་མར་རྒྱ་ནག་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་སུ་མི་གྲངས་སྟོང་ཕྲག་མང་པོ་བཀག་ཉར་བྱ་ཡུལ་བཙོན་སྒར་ཞེས་པ་ཞིག་མེད་ཅེས་ངོས་ལེན་མ་བྱས་ཤིང་། ཕྱིས་སུ་རྒྱ་ནག་གཞུང་གིས་བཙོན་སྒར་དེ་རྣམས་ལག་ཤེས་སློབ་གྲྭ་ཡིན། འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ཀྱི་ཤན་ཞུགས་ངན་པ་ཐེབས་པའི་ཡུ་གུར་བ་ན་གཞོན་ཚོར་ལག་ཤེས་དང་སྐད་ཡིག གློག་ཀླད་སོགས་ཤེས་ཡོན་བསླབས་ནས་འཚོ་བའི་མདུན་ལམ་གསར་པ་ཞིག་སྐྲུན་གྱི་ཡོད་ཅེས་བཀྲལ། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་གིས་བོད་པ་དང་ཞིན་ཅང་གི་ཡུ་གུར་མི་རིགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་ཕྱིན་པ་དང་མིའི་ཚེ་ཐག་ཀྱང་ཇེ་རིང་དུ་སོང་ཡོད་པ་ནི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་ཟིན་ཐོ་ཡར་རྒྱས་སོང་བའི་དཔེ་མཚོན་དུ་འགོད་འོས་ཞེས་བསྒྲགས། ཡུ་གུར་བའི་བུད་མེད་ཧེ་ཏི་ཝ་ཇཱི་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་ཡོད་པའི་སྐབས་དེར་བུ་མོ་རྒན་པ་གྷུ་ལི་ཧུ་མར་གྱིས་ཧྥ་རན་སིའི་ཕྱི་སྲིད་ལྷན་ཁང་དང་གསར་འགྱུར་ལས་ཁང་ཁག་ལ་འབྲེལ་བ་བྱས་ནས་ཨ་མའི་བདེ་སྡུག་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱེད་འགོ་ཚུགས། ཧྥ་རན་སིའི་གཞུང་དང་གསར་འགྱུར་ལས་ཁང་ཁག་གིས་ཧྥ་རན་སིར་གཏན་སྡོད་བྱེད་མཁན་ཡུ་གུར་བའི་བུད་མེད་ཅིག་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་འདུག་ཅེས་གླེང་སློང་བྱུང་། དེ་ནས་རྒྱ་ནག་གཞུང་གིས་འཕྲལ་དུ་ཧེ་ཏི་ཝ་ཇཱི་བཙོན་ཁང་ནས་གློད་གྲོལ་བཏང་སྟེ་ཧྥ་རན་སིར་འགྲོ་རུ་བཅུག་འདུག

ལོ་ན་༥༤་ལ་སོན་པའི་ཡུ་གུར་བའི་བུད་མེད་རྩོམ་པ་པོ་ཧེ་ཏི་ཝ་ཇཱིས་རྒྱ་ནག་གཞུང་གིས་ང་ལྟ་བུ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་ཡུ་གུར་བ་ཚོར་རྗེས་སྙེག་བྱ་རྒྱུ་ནོར་འཁྲུལ་རེད། རྒྱ་ནག་གཞུང་གིས་ངའི་བུ་མོ་རྒན་པ་ཡུ་གུར་བའི་ཐོབ་ཐང་དང་རང་དབང་འཐབ་རྩོད་པ་ཞིག་ལ་བསྒྱུར་སོང་། ང་ཚོར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་འཛམ་གླིང་ཡོངས་ལ་ཡུ་གུར་མི་རིགས་ཞེས་ཁྱབ་བསྒྲགས་བྱུང་བ་རེད། ང་ནི་ཐོག་མ་ནས་ཆབ་སྲིད་ལ་འབྲེལ་བ་མེད། ད་དུང་ཡང་ཆབ་སྲིད་ལ་འབྲེལ་བ་མེད། ངས་རྒྱ་ནག་ལ་གནོད་པའི་ལས་དོན་སྣ་གཅིག་བསྒྲུབས་མྱོང་མེད། ཡིན་ནའང་ང་རྒྱ་ནག་གཞུང་གིས་རང་ཡུལ་ལ་གཡོ་འགུགས་བྱས་ནས་བཙོན་ཁང་དུ་བཅུག་སྟེ་མནར་གཅོད་བཏང་བ་རེད། ངའི་རེ་བ་ཉག་ཅིག་ནི་ཞིན་ཅང་གི་བཙོན་སྒར་ཁག་སྒོ་རྒྱག་དགོས་པ་དང་བཙོན་སྒར་དེ་དག་སྒོ་རྒྱག་ཐུབ་པ་ཞིག་འབྱུང་དགོས་ཀྱི་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་ཞིན་ཅང་གི་བཙོན་སྒར་ཁག་སྒོ་རྒྱག་དགོས་ཞེས་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད། ཕེ་རི་སིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཧེ་ཏི་ཝ་ཇཱིས་བརྩམས་པའི་དཔེ་དེབ་ཀྱི་བརྗོད་བྱ་དེ་ཚོར་བདེན་པ་ཏིལ་འབྲུ་ཙམ་མི་འདུག་ཅེས་སྐྱོན་བརྗོད་དང་ཁ་རྡུང་། རྩོམ་པ་པོས་ཚོད་དཔག་བྱས་པ་ལས་ལྷག་པའི་ཚིག་རྩུབ་དང་ཞེ་སྡང་གིས་རྒོལ་གཏམ་དྲག་པོ་བཏང་འདུག

ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་གིས་ཡུ་གུར་བ་ས་ཡ་༢་ཡས་མས་ཤིག་རྒྱ་ནག་གཞུང་གིས་བཀག་ཉར་བྱས་ནས་བཙོན་སྒར་ཁག་ཏུ་བཅུག་འདུག་ཅེས་སྙན་ཐོ་བཏོན། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཉམ་འབྲེལ། ཨོ་གླིང་རྒྱལ་ཁབ་སོགས་ཀྱིས་ཀྱང་རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བ་ཧ་ཅང་མང་པོ་ཞིག་བཙོན་སྒར་ཁག་ཏུ་བཅུག་སྟེ་ངལ་རྩོལ་བཙན་བཀོལ་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་དགོས་འདུན་བཏོན། ཞིན་ཅང་གི་བཀག་ཉར་ཁང་དང་བཙོན་སྒར་ཁག་ཏུ་དངོས་སུ་བཅུག་མྱོང་བའི་ཡུ་གུར་བ་ཚོས་རྒྱ་ནག་གཞུང་གིས་མི་རིགས་གཙལ་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག ཡུ་གུར་བའི་བུད་མེད་ཚོར་སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་ཡོད་པ་དང་རྒྱ་ནག་གི་ཞིང་ཆེན་ཁག་ནས་རྒྱ་མི་རིགས་ས་ཡ་མང་པོ་ཞིན་ཅང་ལ་བཏང་ནས་གཏན་སྡོད་གཞིས་ཆགས་བྱེད་དུ་འཇུག་གི་འདུག ཞིན་ཅང་ལ་གནས་སྤོར་བྱེད་མཁན་རྒྱ་ནག་པ་ཚོར་སྲིད་གཞུང་གིས་དངུལ་སྒོར་རོགས་རམ་སྤྲད་ནས་ཡུ་གུར་བ་རྣམས་རང་ཡུལ་དུ་གྲངས་ཉུང་མི་རིགས་ཤིག་ལ་སྒྱུར་གྱི་ཡོད་ཅིང་། རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་རྩ་མེད་གཏོང་བའི་སྲིད་ཇུས་སྣ་མང་ཞིག་ལག་ལེན་བསྟར་གྱི་ཡོད་པའི་གཅིག་ནི་ཞིན་ཅང་ལ་རྒྱ་ནག་པ་ས་ཡ་མང་པོ་གཏན་སྡོད་གཞིས་ཆགས་སུ་གཏོང་གི་ཡོད་པ་དེ་རེད་ཅེས་བཤད། རྒྱ་ནག་གཞུང་གིས་ཞིན་ཅང་ལ་གནས་སྤོར་བྱེད་ཀྱི་ཡོད་པ་རྣམས་རང་མོས་ཀྱིས་ཕྱིན་པ་རེད་ཅེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ། ཡིན་ནའང་འགྲེལ་བཤད་དེས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་རྒྱ་མི་གནས་སྤོར་བྱེད་དུ་འཇུག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད།།

XS
SM
MD
LG