ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཞིང་ཆེན་ཁག་ལ་གྲོན་ཆུང་བསྲི་ཚགས་བྱ་དགོས་ཟེར། 


༄༅།། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་ལ་ཏོག་དབྱིབས་ནད་ཡམས་བཀག་སྡོམ་ཐུབ་ཡོད། བཟོ་གྲྭ་ཁག་བསྐྱར་དུ་སྒོ་ཕྱེ་ནས་དཔལ་འབྱོར་སླར་གསོ་བྱུང་ཡོད། འདས་པའི་ལོ་དེར་རྒྱ་ནག་གི་དུས་ཆེན་ཁག་གི་སྐབས་སུ་རྒྱལ་ནང་དུ་འགྲོ་གྲོན་གཏོང་རྒྱུ་མང་དུ་སོང་སྟེ་ཚོང་ལས་འཕེལ་རྒྱས་ཕྱིན་ཡོད་ཅེས་བསྒྲགས། གཟའ་འཁོར་འདིར་རྒྱ་ནག་གཞུང་གིས་ཞིང་ཆེན་ཁག་གི་འགོ་ཁྲིད་ཚོར་གྲོན་ཆུང་བསྲི་ཚགས་བྱ་དགོས། རིམ་པ་ཁག་གི་འགོ་ཁྲིད་ཚོས་གསོལ་སྟོན་རྒྱས་གཤོམ་དང་རླངས་འཁོར་གསར་པ་ཉོ་མི་ཆོག རྒྱས་སྤྲོའི་དགའ་སྟོན་འཚོགས་རྒྱུ་དང་སྤྲོ་གསེང་གི་འགྲིམ་འགྲུལ་སོགས་ཕྱིར་འཐེན་བྱས་ནས་སྐེ་རགས་བསྡམ་དགོས་པའི་དུས་སུ་བསླེབས་འདུག རྒྱ་ནག་དབུས་གཞུང་ལ་དཔྱ་ཁྲལ་གྱི་ཡོང་འབབ་ཨ་སྒོར་ཁྲག་ཁྲིག་༡་དང་གྲངས་ཆུང་༢༧་ཉུང་དུ་ཕྱིན་པའམ། ཡང་ན་རྒྱ་ནག་གི་དཔྱ་ཁྲལ་ཡོང་འབབ་ཁྱོན་བསྡོམས་བརྒྱ་ཆ་༧་དང་གྲངས་ཆུང་༣་ཉུང་དུ་ཕྱིན་འདུག་ཅེས་བཀའ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་ནོར་སྲིད་ལྷན་ཁང་གིས་༢༠༢༡་ལོའི་གཞུང་གྲོན་ཁོངས་སུ་སྤྱི་ཚོགས་ཀྱི་བདེ་རྩ་དང་འཕྲོད་བསྟེན་སྨན་བཅོས། ཤེས་ཡོན་སློབ་གསོ་དང་ཚན་རྩལ་རང་མགོ་འཐོན་དགོས་པའི་ལས་གཞི་ཁག་གི་འགྲོ་གྲོན་རྣམས་གཅོག་མི་སྲིད་ཅེས་བཤད། དཔལ་འབྱོར་ལྟ་ཞིབ་ཚགས་པར་གྱི་གསར་འགོད་པས་རྒྱ་ནག་གི་ཀྲེ་ཅང་ཞིང་ཆེན་གྱི་ནོར་སྲིད་ལས་ཁུངས་ཀྱི་ལས་སྣེ་ཞིག་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོར་ཞིང་ཆེན་དེའི་འཛིན་སྐྱོང་གི་འགྲོ་གྲོན་གསུམ་ཆའི་གཅིག་མ་ཟིན་ཙམ་ཞིག་བཅག་སོང་། དཔེར་ན་གཞུང་གི་ལས་ཁུངས་འཛུགས་སྐྲུན་དང་ཡོ་བྱད་བཟོ་བཅོས། མཛེས་རྒྱན་གྱི་རྒྱས་སྤྲོའི་ལས་གཞི་ཁག་ལ་འགྲོ་གྲོན་ཟུར་འཇོག་བྱས་ཡོད་པ་རྣམས་མེད་པར་བཏང་སྟེ་དགོས་ངེས་མིན་པ་དང་ཛ་དྲག་མིན་པའི་ལས་གཞི་ཁག་ཕྱིར་འཐེན་བྱས་འདུག་ཅེས་བཤད་ཡོད་པ་རེད།།

རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཛུགས་སྐྲུན་ཞིབ་འཇུག་ལྟེ་གནས་ཀྱི་ཉམས་ཞིབ་པ་ཧྥེང་ཆའོ་པིན་གྱིས་༢༠༢༡་ལོར་རྒྱ་ནག་གཞུང་ལ་དཔྱ་ཁྲལ་ཡོང་འབབ་མང་དུ་འགྲོ་རྒྱུའི་རེ་ལྟོས་འཆང་གི་མེད། རྒྱ་ནག་མི་དམངས་ཀྱིས་འགྲོ་གྲོན་གཏོང་གི་ཡོད་པ་དང་དཔལ་འབྱོར་སླར་གསོ་བྱུང་རུང་མ་འོངས་པའི་ལོ་ལྔའི་རིང་ལ་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་བརྒྱ་ཆ་༤་མན་ཆད་དུ་ལྷུང་རྒྱུའི་དོན་དངོས་ལ་ངོས་ལེན་ཐུབ་དགོས། ང་ཚོས་ཚན་རྩལ་ཡར་རྒྱས་དང་དབུལ་གྲོལ་ལས་གཞི་ཁག་ལ་འགྲོ་གྲོན་གཅོག་འཆར་མེད། རྒྱ་ནག་ལ་དཔྱ་ཁྲལ་ཡོང་འབབ་ཉུང་དུ་སོང་བའི་དངུལ་ཆད་བྱུང་བ་རྣམས་འགྲོ་གྲོན་གཞན་པ་བཅག་ནས་གསབ་ཐབས་བྱ་དགོས། མ་འོངས་པའི་ལོ་ཤས་རིང་རྒྱ་ནག་གི་ལས་གཞི་ཁག་ཅིག་རྒྱུན་འཁྱོངས་དང་གཞུང་གྲོན་འདུ་འགོད་ཐུབ་རྒྱུ་དཀའ་ངལ་ཅན་ཞིག་ལ་འགྱུར་རྒྱུ་རེད་ཅེས་བཤད། རྒྱ་ནག་གི་ནོར་སྲིད་ལྷན་ཁང་དང་ཁྲལ་བསྡུ་ལས་ཁུངས་གཉིས་ཀས་གཞུང་གྲོན་ཡོང་འབབ་མང་དུ་གཏོང་བར་སྐྱེ་བོ་ས་ཡ་མང་པོས་དྲྭ་ལམ་དུ་ཚོང་ལས་གཉེར་གྱི་ཡོད་པར་དཔྱ་ཁྲལ་རྒྱག་རྒྱུའི་གྲོས་གཞི་བཏོན། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་དྲྭ་ལམ་ཚོང་ལས་ལ་དཔྱ་ཁྲལ་རྒྱག་རྒྱུའི་ཁྲིམས་གཏན་འབེབས་བྱས་མེད་པ་དང་དྲྭ་ལམ་ཚོང་ལས་ལ་དཔྱ་ཁྲལ་རྒྱག་རྒྱུའི་ལམ་སྲོལ་ཡང་གཏན་འབེབས་བྱས་མེད་ཅིང་། ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་གི་དྲྭ་ལམ་ཚོང་ལས་ལ་དཔྱ་ཁྲལ་རྒྱག་རྒྱུའི་ལམ་སྲོལ་དང་ཁྲིམས་ཤིག་གཏན་འབེབས་བྱ་རྒྱུའི་ཐག་གཅོད་བྱ་རྒྱུ། རྒྱ་ནག་གི་གྲོན་ཆུང་ཐབས་ཇུས་གཞན་པ་ཞིག་ནི་སྤྱི་དམངས་རྣམས་རང་ལོ་༦༠་ཐམ་པ་ནས་བགྲེས་ཡོལ་ལ་འགྲོ་རྒྱུ་ལོ་༦༥་བར་དུ་སྤར་ཏེ་རྒས་ཕོགས་ལེན་པའི་ལོ་ཚད་མཐོ་རུ་གཏོང་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་ལས་དོན་གལ་ཆེན་རེ་ཐག་གཅོད་བྱེད་ཀྱི་ཡོད་པ་སྟེ། ༢༠༡༨་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་འཛིན་པའི་ལོ་དུས་ཚད་བཀག་མེད་པར་བཏང་ཞིང་། ༢༠༢༠་ལོར་ཧོང་ཀོང་ལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་ཞིག་གཏན་ལ་ཕབ། ད་ལོ་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་༡༠༠་འཁོར་བའི་དགའ་སྟོན་དང་ལོ་ལྔའི་དཔལ་འབྱོར་འཆར་འགོད་ཐེངས་༡༤་བྱེད་ཀྱི་ཡོད་མོད། དཔལ་འབྱོར་ཉམས་ཞིབ་པ་མང་ཆེ་བས་རྒྱ་ནག་གཞུང་གིས་ལོ་འདིར་རྒྱལ་ཡོངས་དཔལ་འབྱོར་ཐོན་སྐྱེད་ཀྱི་དམིགས་ཚད་འདི་འདྲ་ཞིག་ལ་བསླེབ་དགོས་ཞེས་གྲངས་ཚད་གཏན་འབབས་བྱ་རྒྱུ་མིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པར་མ་ཟད། རྒྱ་ནག་གཞུང་གིས་༢༠༢༡་ལོར་མི་ས་ཡ་༡༠་ལ་མ་གཏོགས་ལས་ཀ་གསར་པ་བཀོད་སྒྲིག་བྱེད་ཐུབ་རྒྱུ་མིན་པའི་རྩིས་རྒྱག་གི་ཡོད་པའི་གནས་ཚུལ་ཐོན། སྔ་ལོ་རྒྱ་ནག་གིས་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཚོང་ལས་ཀྱི་གྲོས་མཐུན་ཞིག་འཇོག་ཐུབ་ཀྱང་ཨ་རྒྱའི་ཚོང་ལས་ལ་འགོག་རྐྱེན་འཕྲད་ཡོད་སེལ་དཀའ་བ་ཞིག་ཏུ་གྱུར། རྒྱ་ནག་གི་ལོ་ལྔའི་དཔལ་འབྱོར་འཆར་འགོད་ཐེངས་༡༤་པའི་ནང་དུ་རྒྱལ་ནང་གི་ཚོང་ལས་ཡར་རྒྱས་བཏང་ནས་དངོས་ཟོག་ཕྱིར་ཚོང་འབའ་ཞིག་ལ་བརྟེན་མི་དགོས་པ། རྒྱ་ནག་ཚན་རིག་དང་འཕྲུལ་རིག་ལག་རྩལ་རང་མགོ་འཐོན་རྒྱུ། རྒྱལ་ནང་གི་ཁྲོམ་ར་ཁག་སྒོ་འབྱེད་བྱ་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཕྱི་ལོགས་ཀྱི་གནོན་ཤུགས་ལ་གཡོལ་ཐབས་བྱ་དགོས་པའི་གྲོས་སྡུར་བྱ་འཆར་ཡོད་ཅེས་སྙན་ཐོ་བཏོན་འདུག

རྒྱ་ནག་གི་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འབྲེལ་བ་ཡོད་པའི་འཕྲུལ་རིག་གི་གནད་དོན་དང་རྒྱལ་སྲུང་འགྲོ་གྲོན། པེ་ཅིང་གི་དབང་འཛིན་པ་ཚོས་ཧོང་ཀོང་ལ་དབང་སྒྱུར་བྱ་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་འཆར་གཞི་ཞིབ་ཕྲ་སོགས་ཁྱབ་བསྒྲགས་བྱ་སྲིད། སྔ་ལོ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཧོང་ཀོང་དང་ཨོ་མེན་འཛིན་སྐྱོང་ལས་ཁུངས་ཀྱི་འགན་འཛིན་ཞཱ་པའོ་ལོང་གིས་ཧོང་ཀོང་གི་འོས་འདེམས་ལམ་ལུགས་ལ་སྒྱུར་བཅོས་གཏོང་དགོས། རྒྱ་ནག་དབུས་གཞུང་གི་སྲིད་ཇུས་དང་ལམ་སྟོན་ལ་སོགས་རྒྱབ་སྐྱོར་དང་གོང་བཀུར་བྱེད་མཁན་ཚོར་ཧོང་ཀོང་འཛིན་སྐྱོང་བྱེད་དུ་འཇུག་དགོས་ཞེས་གྲོས་གཞི་བཏོན། གཟའ་པ་སངས་ནས་འགོ་འཛུགས་ཀྱི་ཡོད་པའི་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ཐོག་ཏུ་ཧོང་གི་འོས་འདེམས་ལམ་ལུགས་ལ་སྒྱུར་བཅོས་གཏོང་རྒྱུ་ཡིན་མིན། རྒྱ་ནག་གི་དྲྭ་ལམ་ཚོང་ལས་ལ་དཔྱ་ཁྲལ་རྒྱག་རྒྱུ་ཡིན་མིན། རྒྱ་ནག་གི་ཞིང་ཆེན་ཁག་དང་གྲོང་ཁྱེར་ཁག ས་ཁུལ་དང་རྫོང་རིམ་པ་སོགས་ཀྱི་གྲོན་ཆུང་བསྲི་ཚགས་དང་སྐེ་རགས་ཇི་ལྟར་བསྡམ་དགོས་མིན། རྒྱ་ནག་གི་བགྲེས་ཡོལ་གྱི་ལོ་ཚད་སྤར་རྒྱུ་ཡིན་མིན་བཅས་ལ་ཉིན་བཅུའི་ཚོགས་ཆེན་ཐོག་ཏུ་གྲོས་སྡུར་ལྷུག་པོ་བྱ་རྒྱུ། དེ་བཞིན་རྒྱ་ནག་གི་སྲིད་བློན་ལི་ཁེ་ཆང་དང་ཕྱི་སྲིད་བློན་ཆེན་ཝང་དབྱི་སོགས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་ལ་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་ལ་དཀའ་ངལ་ཅི་ཞིག་འཕྲད་ཀྱི་ཡོད་མེད་དང་རྒྱ་ནག་གི་གྲུབ་འབྲས་བཅས་ལ་གཏམ་བཤད་བྱ་རྒྱུའི་གནས་ཚུལ་ཐོན་འདུག

དེང་སྐབས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་སྔ་ལོ་འབྱོར་ལྡན་རྒྱལ་ཁབ་ཁག་གི་དཔལ་འབྱོར་འཕེལ་རྒྱས་སོང་མེད། རྒྱ་ནག་གི་དཔལ་འབྱོར་བརྒྱ་ཆ་༢་དང་གྲངས་ཆུང་༣་འཕེལ་རྒྱས་སོང་ཡོད་ཅེས་འུར་སྒྲོགས་ཤུགས་ཆེན་བྱས་ཤིང་། ད་ལོའི་ཚོགས་ཆེན་ཐོག་ཏུ་སྲིད་བློན་ལི་ཁེ་ཆང་གིས་མ་འོངས་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཅིག་གཏན་འབེབས་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ། རྒྱ་ནག་གི་ཊི་རི་ཝྭིམ་དཔལ་འབྱོར་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚོས་རྒྱ་ནག་གི་འགོ་ཁྲིད་ཚོས་འགྲུབ་མི་ཐུབ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཅིག་གཏན་འབེབས་མ་བྱས་ན་ལེགས་ཞེས་བཤད། བདུན་ཕྲག་སྔོན་མར་རྒྱ་ནག་གི་ཚོང་ལས་བློན་ཆེན་ཝང་ཝེན་ཐའོ་ཡིས་༢༠༢༡་ལོར་རྒྱ་ནག་གི་ཚོང་ལས་ལ་སྔར་བཞིན་དཀའ་ངལ་འཕྲད་རྒྱུ་རེད། ཏོག་དབྱིབས་ནད་དུག་གི་རྐྱེན་གྱིས་དངོས་ཟོག་དགོས་མཁོ་ཡོད་མེད་ངེས་གཏན་མི་འདུག རྒྱ་ནག་གི་བཟོ་གྲྭ་ཁག་གི་ཐོན་སྐྱེད་བཟོ་སྐྲུན་ལ་བར་ཆད་མི་འབྱུང་བའི་ཁག་ཐེག་བྱེད་དཀའ་ཞེས་གསར་འགོད་པ་ཚོར་ཁྱབ་བསྒྲགས་བྱས་འདུག ཉེ་ཆར་ཞིས་ཅིན་ཕིང་གིས་རྒྱ་ནག་གི་སྤྱི་ཚོགས་སུ་དབུལ་ཕོངས་ཀྱི་དཀའ་ངལ་མེད་པར་བཏང་ཟིན་ཞེས་བཤད། ཡིན་ནའང་དོན་དངོས་སུ་རྒྱ་ནག་གི་གྲོང་གསེབ་ཁག་གི་མི་མང་དབུལ་ཕོངས་ཚོར་ཉིན་རེའི་དཔལ་འབྱོར་ཡོང་འབབ་ནི་ཨ་སྒོར་༡་དང་གྲངས་ཆུང་༧་ལས་མེད་པ་དང་། འདི་ནི་འཛམ་གླིང་དངུལ་ཁང་གིས་དངུལ་ཕོངས་ཀྱི་ཚད་གཞི་ཨ་སྒོར་༡་དང་གྲངས་ཆུང་༩་ལ་གཏན་འབེབས་བྱས་ཡོད་པ་དེའི་མན་ཆད་དུ་ལྷུང་ཡོད་པ་རེད།།

XS
SM
MD
LG