ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྒྱ་ནག་གིས་གསུམ་བཅུའི་དུས་དྲན་ལ་དམིགས་ནས་དམ་དྲག་ཆེ་རུ་བཏང་བ།


༄༅།། དེང་སྐབས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་བསླེབ་ལ་ཉེ་བའི་སྐབས་འདིར་ཕྱི་ཟླ་༣་པ་ནས་༤་པའི་བར་དུ་རྒྱ་ནག་གཞུང་གིས་སྐད་འཕྲིན་བརྒྱུད་ནས་ཕྱི་ལ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་བྱ་རྒྱུ་ཤུགས་ཆེ་རུ་བཏང་འདུག དེ་ཡང་མིང་དངོས་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་༣་པ་ནས་༤་པའི་བར་དུ་སྐད་འཕྲིན་སྒོ་རྒྱག་རྒྱུ་ཡིན། ཁ་པར་སོ་སོའི་ཡིན་རུང་རང་དབང་མི་འདུག་ཅེས་སྡུག་སྐད་བསྐྱོན་འདུག ཕྱི་རྒྱལ་དུ་སྤུན་མཆེད་ཡོད་པའི་བོད་པ་ཚོ་རྒྱ་གཞུང་གི་ས་གནས་ཉེན་རྟོག་པས་ཡང་ནས་ཡང་དུ་འབོད་འགུགས་བྱས་ཏེ་འདྲི་རྩད་དང་ཕྱི་ལ་འབྲེལ་བ་བྱ་རྒྱུར་དམ་དྲག་བྱས་དང་བྱེད་བཞིན་ཡོད་ཅིང་། དེས་ན་ཕྱི་ལོགས་སུ་ཡོད་པའི་བོད་པ་ཚོས་རང་གི་ནང་མི་སྤུན་མཆེད་སོགས་ལ་འབྲེལ་བ་བྱེད་ཕོད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

ལྷ་ས་ཉེ་འཁོར་མལ་གྲོ་གོང་དཀར་རྫོང་ཁོངས་ཀྱི་བོད་པ་ཞིག་མལ་གྲོའི་ཉེན་རྟོག་པས་འབོད་འགུགས་བྱས་ནས་འདྲི་རྩད་བྱས་འདུག ཁོང་གིས་ང་ཚོའི་སྤུན་མཆེད་ཞིག་རྒྱ་གར་ལ་གདན་སའི་ནང་དུ་སློབ་གཉེར་བྱེད་ཀྱི་ཡོད་པ་དང་ང་ཚོ་ཁ་བྲལ་ཏེ་ལོ་༣༠་འགྲོ་གྲབས་ཡོད། དེ་སྔོན་ང་ཚོའི་བར་ལ་གཅུང་མོའི་ཁ་པར་བརྒྱུད་དེ་དུས་ནས་དུས་སུ་ཁ་པར་དང་སྐད་འཕྲིན་ནང་དུ་སྐད་ཆ་ཤོད་རེས་བྱེད་ཀྱི་ཡོད། ཡིན་ནའང་ཉེ་ལམ་ངའི་གཅུང་མོར་མལ་གྲོ་གོང་དཀར་རྫོང་གི་ཉེན་རྟོག་པས་ཁ་པར་བཏང་སྟེ་རྫོང་ཉེན་རྟོག་ཁང་ལ་ཡོང་དགོས་པའི་བཙན་བཀའ་བཏང་འདུག གཅུང་མོ་ཉེན་རྟོག་ཁང་ལ་འབྱོར་དུས་རྒྱ་གར་གྱི་སྤུན་མཆེད་དེར་སྐད་ཆ་ཅི་ཞིག་བཤད་ཀྱི་ཡོད། ཕར་ཚུར་དངུལ་སྒོར་གཏོང་རེས་བྱེད་ཀྱི་ཡོད་མེད་སོགས་མང་པོ་ཞིག་དྲིས་འདུག ངའི་གཅུང་མོས་ང་ཚོ་ནི་ཞིང་པ་ཡིན་པས་དངུལ་སྒོར་གཏང་རྒྱུ་མེད། རྒྱ་གར་ནས་ཚུར་ལའང་དངུལ་སྒོར་འབྱོར་མྱོང་མེད། ང་ཚོར་ཕ་མ་གཉིས་ལ་ཞབས་ཞུ་ཡག་པོ་ཞུ་དགོས་པ་དང་ཡུལ་མི་ལ་འཆམ་མཐུན་བྱེད་དགོས་པའི་ཁ་ཏ་བྱེད་ཀྱི་འདུག་མ་གཏོགས་གཞན་པ་གང་ཡང་བཤད་མ་བྱུང་ཞེས་ལན་བརྒྱབ་འདུག དེའི་རྗེས་སུའང་གཅུང་མོ་འབོད་འགུགས་ཐེངས་ཁ་ཤས་བྱས་ནས་འདྲི་རྩད་བྱས་ཡོད་ཀྱང་དྲིས་ལན་རྣམས་གཅིག་མཚུངས་བརྒྱབ་པ་རེད། འདྲི་ཞིབ་ཀྱི་ནང་དོན་གང་ཡིན་མ་ཤེས་པའི་རྒྱ་ཡིག་གི་ཡིག་ཆ་མང་པོ་ཞིག་ལ་མཛུབ་ཐེལ་བརྒྱབ་བཅུག་འདུག ཐེངས་རྗེས་མར་འདྲི་རྩད་བྱེད་མཁན་ཉེན་རྟོག་པ་བརྗེ་པོ་བརྒྱབ་ཀྱང་དྲི་བ་ནི་གཅིག་པ་ཡིན་པས་སྔོན་ལྟར་ལན་བརྒྱབ་པ་རེད། ཁོ་ཚོས་སྐད་ཆ་གསར་པ་ཤོད་དགོས་ཚུལ་བརྗོད་འདུག་ཀྱང་སྐད་ཆ་གསར་པ་ཤོད་རྒྱུ་གང་ཡང་མེད་ཅེས་ལན་འདེབས་བྱས་ཡོད་པ་རེད་ཅེས་བཤད།།

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན། མལ་གྲོ་དང་འཕན་པོ་སོགས་ལྷ་ས་ཉེ་འཁོར་གྱི་གྲོང་གསེབ་ཁག་ལ་ཕྱི་ལོགས་སུ་སྤུན་མཆེད་ཡོད་པའི་ཁྱིམ་ཚང་མང་པོར་ཉེན་རྟོག་པས་འདྲི་རྩད་གཅིག་མཚུངས་བྱས་འདུག མི་ཚང་རེ་ཟུང་ལ་རྒྱ་ནག་གཞུང་གིས་གྲོང་གསེབ་ཀྱི་སྡོད་ཁང་གསར་རྒྱག་གི་རོགས་རམ་བཅད་པའི་གནས་ཚུལ་ཡང་བྱུང་འདུག དཔེར་ན་ང་ལ་མལ་གྲོ་གོང་དཀར་དུ་ངོ་ཤེས་ཤིག་ཡོད། ཁྱིམ་ཚང་དེའི་མི་ཞིག་ཕྱི་རྒྱལ་ལ་ཡོད་པས་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ཁྱིམ་ཚང་དེར་ཁྱོད་ཚོར་ཕྱི་རྒྱལ་དུ་སྤུན་མཆེད་ཡོད་པ་དེས་དངུལ་སྒོར་བསྐུར་གྱི་རེད། རྒྱལ་ཁབ་ཀྱིས་རོགས་སྐྱོར་བྱེད་དགོས་ཀྱི་མ་རེད་ཅེས་ཁང་པ་གསར་རྒྱག་གི་རོགས་དངུལ་བཅད་སོང་ཞེས་བཤད་བྱུང་། ད་ལྟ་བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཚང་མར་རྒྱ་གར་སོགས་ཕྱི་ནས་འབྲེལ་བ་བྱེད་ཀྱི་ཡོད་མེད་དང་གྲོང་ཚོའི་ནང་དུ་མི་གསར་པ་ཡོང་གི་ཡོད་མེད། མི་གསར་པ་ཡོང་ན་གང་དང་གང་དུ་ཕྱིན་ཡོད་མེད། སུ་ལ་ཐུག་འཕྲད་བྱས་ཡོད་མེད་སོགས་རྟོག་ཞིབ་བྱེད་མཁན་རྒྱ་གཞུང་གིས་གུང་ཁྲན་ཏང་ཡོན་ལས་བྱེད་པ་བསྐོ་འཛུགས་བྱས་ཡོད་པ་དང་དེ་དག་གིས་གྲྭ་བཙུན་ལ་ཧ་ཅང་སྡང་པོ་དང་དོ་སྣང་བྱེད་ཀྱི་འདུག ཁོ་ཚོས་རྒྱ་གཞུང་གི་ཉེན་རྟོག་པར་གནས་ཚུལ་ཆ་ཚང་སྙན་གསེང་ཞུ་དགོས་ཀྱི་རེད་ཅེས་འགྲེལ་བརྗོད་གནང་འདུག

རྒྱ་ནག་གཞུང་གིས་སྐད་འཕྲིན་དྲྭ་ལམ་ལ་དམ་དྲག་ཆེ་རུ་བཏང་བའི་རྐྱེན་གྱིས་ཟླ་ཤས་གོང་ནས་ཕྱི་ལ་ཡོད་པའི་བོད་པ་མང་པོ་ཞིག་བོད་ནང་གི་ཕ་མ་དང་ཉེ་འབྲེལ་སོགས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མེད་ཅིང་། བོད་ནང་གི་བཟའ་མི་ཚོར་འཕྲད་བཞིན་པའི་དཀའ་ངལ་ནི་གཅིག་མཚུངས་རེད་ཅེས་མདོ་དབུས་ཁམས་གསུམ་གྱི་མི་ཁག་ཅིག་གིས་འགྲེལ་བརྗོད་བྱས་འདུག ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་བོད་པ་༢༣ ལ་འབྲེལ་བ་བྱས་ཏེ་བོད་ལ་འབྲེལ་བ་བྱེད་ཐུབ་ཀྱི་ཡོད་མེད་དྲིས། མི་༡༧་གྱིས་ཟླ་ཤས་གོང་ནས་བོད་ལ་འབྲེལ་བ་བྱ་རྒྱུ་དཀའ་ངལ་འདུག་ཅེས་ལན་འདེབས་བྱས་ཤིང་། སྤྱིར་བོད་ཕྱི་ནང་གཉིས་སུ་འབྲེལ་བ་བྱ་སྤྱད་བརྒྱུད་ལམ་གཙོ་བོ་ནི་སྐད་འཕྲིན་ཡིན་མོད། འོན་ཀྱང་སྔ་ལོ་རྒྱ་གར་གཞུང་གིས་རྒྱ་ནག་གི་སྐད་འཕྲིན་སྒོ་བརྒྱབ་རྗེས་སུ་རྒྱ་གར་དུ་གནས་འཁོད་བོད་པ་མང་པོ་ཞིག་བོད་ལ་འབྲེལ་བ་ཆད་ཡོད་པ་སོགས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG