ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

སྲིད་སྐྱོང་རྒྱ་གར་བྱང་ཤར་ཁུལ་དུ་ཕྱོགས་ཕེབས་གནང་བ་ལེགས་གྲུབ།


༄༅།། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་སྲིད་སྐྱོང་གི་ལས་དུས་གཉིས་པ་མཇུག་བསྒྲིལ་ལ་ཉེ་བའི་དུས་འདིར་ཕྱི་ཟླ་༢་པའི་ཚེས་༢༡་ནས་ཉིན་དགུའི་རིང་དུ་རྒྱ་གར་བྱང་ཤར་མངའ་ཁུལ་གྱི་བོད་མིའི་གཞིས་ཆགས་ཆེ་ཁག་ལ་མཚམས་གཟིགས་སུ་ཕེབས་ཡོད་ཅིང་། ཕྱི་ཟླ་༣་པའི་ཚེས་༡་ཉིན་སྲིད་སྐྱོང་གི་ཕྱོགས་ཕེབས་ལེགས་གྲུབ་བྱུང་འདུག ད་ཐེངས་ཀྱི་མཚམས་གཟིགས་སྐབས་སུ་སྲིད་སྐྱོང་བློ་བཟང་སེངྒེ་ཐོག་མར་སྒང་ཏོག་དང་རང་ཝང་ལ། ཀ་ལིམ་པོང་དང་རྡོ་རྗེ་གླིང་། བསུ་སྣ་མདའ་དང་མེའོ་ཆོས་འཕེལ་གླིང་། རི་ཛུ་དར་རྒྱས་གླིང་སོགས་གཞིས་ཆགས་ཆེ་ཁག་ཏུ་ཕེབས་ཏེ་མང་ཚོགས་ལ་ཐུག་འཕྲད་དང་གསུང་བཤད་སོགས་གནང་འདུག

ས་གནས་ཁག་ཏུ་སྲིད་སྐྱོང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་མི་རབས་རྒན་པ་ཚོའི་བཀའ་དྲིན་ལ་བརྟེན་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གཞིས་ཆགས་ཁག་ཚུགས་ཐུབ་པར་མ་ཟད། སློབ་གྲྭ་དང་ཆོས་སྡེ་ཁག་སོགས་གསར་འཛུགས་ཀྱིས་བོད་པའི་ཆོས་དང་རིག་གཞུང་སྲ་བརྟན་བྱུང་ཡོད། བོད་པ་ཚང་མ་གཅིག་སྒྲིལ་བྱ་དགོས་པ་ལས་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་འཐེན་འཁྱེར་བྱས་ན་དགེ་མཚན་མེད། བོད་པ་བཙན་བྱོལ་བ་ཚོས་རྒྱ་གར་གྱི་ས་གནས་ཀྱི་ཡུལ་མི་ཚོར་མཐུན་ལམ་བྱ་རྒྱུ་གལ་འགངས་ཆེན་ཡིན་ཞེས་ནན་བརྗོད་བྱས་འདུག

སྲིད་སྐྱོང་གིས་ལས་དུས་གཉིས་ལ་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པར་མི་དམངས་ཀྱིས་རྗེས་སུ་ཡི་རངས་ཞུ་བར་འཇམ་དཔལ་དབྱངས་ཀྱི་སྐུ་བརྙན་ཞིག་དང་སྟོན་པའི་སྐུ་ཐང་། བསུ་སྣ་མདའ་བཀྲ་ཤིས་གླིང་གཞིས་ཆགས་ཀྱིས་སྲིད་སྐྱོང་ལ་གདུགས་དཀར་གྱི་སྐུ་ཐང་ཞིག་བཅས་ཕུལ་འདུག ཐེངས་འདིའི་ཕྱོགས་ཕེབས་སྐབས་སུ་སྲིད་སྐྱོང་དང་འབྲས་ལྗོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྟ་མང་པ་རཱེམ་སིང་གཉིས་མཇལ་འཕྲད། དེ་བཞིན་རྒྱལ་ས་ལྡི་ལིའི་གནད་ཡོད་མི་སྣ་ཁག་ཅིག་ལ་མཇལ་འཕྲད་བྱུང་ཞིང་། ཕྱི་ཚེས་༣་ཉིན་སྲིད་སྐྱོང་རྒྱ་གར་གྱི་ཧི་མ་ཅལ་མངའ་སྡེར་རྟེན་གཞིས་བྱས་པའི་པོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་སུ་ཕེབས་རྒྱུ་ཡིན་པ་སོགས་ཀྱི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG