ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་༡༠༠་ལྷག་ལ་ནད་དུག་འགོས་པ།


༄༅།། འདས་པའི་ཉིན་ཤས་རིང་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པའི་ཁྲོད་དུ་ཏོག་དབྱིབས་ནད་དུག་འགོས་པ་ཁག་ཅིག་བྱུང་སྟེ་གྲྭ་ཚང་གི་དགེ་འདུན་པ་༣༠༠་ལྷག་ལ་བརྟག་དཔྱད་བྱས་པར་མ་ཟད། ད་ལྟའི་བར་དུ་ཁྱོན་བསྡོམས་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་༡༠༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཀྱང་ཛ་དྲག་གི་གནས་སུ་ལྷུང་བའི་ནད་པ་གཅིག་ཀྱང་བྱུང་མ་སོང་ཞེས་རྒྱུད་སྟོད་གྲྭ་ཚང་གི་ཕྱག་མཛོད་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་འགྲེལ་བརྗོད་གནང་ཞིང་། ཁོང་གིས་ཕྱི་ནས་ཆོས་ཐོག་ཏུ་ཕེབས་མཁན་ཚོ་བརྒྱུད་ནས་ནད་དུག་ཁྱབ་པ་རེད་ཅེས་སྐད་ཆ་ཞིག་ཁྱབ་ཀྱི་ཡོད་པ་ནི་དཀྲོག་གཏམ་ཁོ་ན་རེད། ཕྱི་ཕྱོགས་ནས་ཕེབས་མཁན་ཚང་མར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ནས་ནད་རྟགས་ཐོན་མེད་པ་ར་འཕྲོད་བྱུང་མཚམས་སུ་ཆོས་ཐོག་ཏུ་ཕེབས་ཡོད་པ་རེད་ཅེས་བཀྲལ།།

རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་༡༠༠་ལྷག་ལ་ནད་རྟགས་ཐོན་པ་ཚོར་འཕྲལ་དུ་སྨན་བཅོས་དང་གཞན་ཚོར་སྟོབས་སྐྱེད་གསོལ་སྨན་རྣམས་གཏོང་བཞིན་ཡོད་འདུག རྒྱུད་སྟོད་གྲྭ་ཚང་ལ་དགེ་འདུན་པ་༣༠༠་ལྷག་ཡོད་པའི་སྟབས་ཀྱིས་ནད་དུག་འགོས་པ་རྣམས་ལོགས་སུ་ཟུར་འགོག་བྱེད་ཀྱི་ཡོད་ཅིང་། རྒྱུད་སྟོད་ཕྱག་མཛོད་སྐལ་བཟང་རྒྱ་མཚོ་ལགས་ཀྱིས་གསར་འགྱུར་འདི་བརྒྱུད་ལམ་ཁག་ལ་ཡོངས་གྲགས་སུ་ཁྱབ་པའི་རྗེས་སུ་ཐུགས་ཁྲལ་གནང་མཁན་མང་དག་ཅིག་བྱུང་སོང་། ཡིན་ནའང་ཁོང་རྣམ་པར་ཐུགས་འཚབ་གཏན་ནས་གནང་དགོས་དོན་མེད་ཞུ་རྒྱུ་ཡིན་ཞེས་བརྒྱུད་བསྒྲགས་གནང་སོང་།།

ཀང་རའི་རྫོང་དཔོན་ར་ཇཱེ་ཤེ་པྲ་ཇ་པ་ཏིས་ས་ཚིགས་གཅིག་ལ་ནད་དུག་འགོས་མཁན་མི་བཅུ་ལྷག་བྱུང་ཚེ། འཕྲལ་དུ་ས་ཚིགས་དེ་ཏོག་དབྱིབས་ནད་ཡམས་ཁྱབ་བརྡལ་གྱི་ས་ཚིགས་སུ་ངོས་འཛིན་བྱས་ནས་ས་ཚིགས་དེའི་ཁྱབ་ཁོངས་སུ་ཡོད་པའི་མི་རྣམས་ཕར་འགྲོ་ཚུར་འོང་བཀག་འགོག་བྱ་དགོས་པ་ལྟར་ཕྱི་ཟླ་༢་པའི་ཚེས་༢༦་ཉིན་རྒྱུད་སྟོད་གྲྭ་ཚང་དུ་ནད་པ་༡༢་ཐོན་མ་ཐག་ཏུ་རྫོང་དཔོན་ལས་ཁུངས་ཀྱིས་ཕྱི་ཟླ་༣་པའི་ཚེས་༡༠་བར་དུ་རྒྱུད་སྟོད་གྲྭ་ཚང་ཏོག་དབྱིབས་ནད་དུག་ཁྱབ་བརྡལ་ས་ཚིགས་སུ་ངོས་འཛིན་བྱ་རྒྱུ། དགེ་འདུན་པ་རྣམས་རང་དགོན་ནས་ཕྱི་ལ་འཐོན་མི་ཆོག་པར་ཟུར་འགོག་བྱ་དགོས་པའི་བཀོད་ཁྱབ་བཏང་སྟེ་ཉེན་རྟོགས་པས་འགོག་སྲུང་བྱེད་ཀྱི་ཡོད་པ་སོགས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG