ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གར་གྱི་བོད་པའི་སློབ་གྲྭ་ཁག་སྒོ་འབྱེད་རྒྱུ་དང་ནད་དུག་ལ་འཛེམ་ཟོན།


༄༅།། ཕྱི་ཟླ་གཉིས་པའི་ཚེས་༢༥་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གི་བདུན་རེའི་ཏོག་དབྱིབས་ནད་དུག་གི་གསར་འགོད་ལྷན་ཚོགས་ཐོག་ཏུ་ལས་དོན་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་མཚམས་གཅོད་ཀྱིས་རྒྱ་གར་རྒྱལ་ཡོངས་དང་མངའ་སྡེ་སོ་སོའི་བཀོད་ཁྱབ་ལྟར་བོད་པའི་སློབ་གྲྭ་ཁག་སློབ་དུས་གསར་པའི་སྐབས་ནས་རིམ་བཞིན་སྒོ་འབྱེད་རྒྱུའི་འཆར་འགོད་བྱེད་ཀྱི་ཡོད་པས་བོད་པའི་སློབ་གྲྭ་ཁག་གི་འཛིན་སྐྱོང་དང་སློབ་ཕྲུག་བཅས་ཀྱིས་ངེས་པར་དུ་ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་དང་ནད་དུག་སྔོན་འགོག་བྱ་ཐབས་རྣམས་གཙིགས་སུ་འཛིན་དགོས་ཞེས་ནན་བརྗོད་གནང་སོང་། ཁོང་གིས་རྒྱ་གར་ལ་ལྷོ་ཨ་ཧྥ་རི་ཀ་དང་དབྱིན་ཡུལ། བྷར་ཛིལ་བཅས་ནས་རྣམ་པར་འགྱུར་བའི་ཏོག་དབྱིབས་ནད་དུག་འགོས་ཁྱབ་བྱུང་སྟེ་ཀེ་ར་ལ་དང་ཆ་ཏི་སི་གྷར། མ་ཧ་ར་ཤི་ཏྲ་དང་པན་ཇབ། མ་དྷེ་པར་དྷེ་ཤི་མངའ་སྡེ་ཁག་ཏུ་ནད་པའི་གྲངས་ཚད་འཕར་གྱི་ཡོད་ཅིང་། ལོ་སར་གཞུག་ཏུ་རང་ཁྱིམ་ནས་ལས་གནས་ཁག་ལ་ཕྱིར་ལོག་དང་སློབ་གྲྭ་ཁག་ཏུ་སློབ་ཕྲུག་སྐྱེལ་དུ་ཡོང་མཁན་ཕ་མ་སོགས་ཀྱིས་ནད་ཡམས་ཁྱབ་གདལ་ལ་དོགས་ཟོན་དང་འགྲིམ་འགྲུལ་གྱི་སྐབས་སུ་ངེས་པར་དུ་ཁ་རས་གྱོན་ནས་གཟབ་ནན་བྱ་དགོས། ས་གནས་སོ་སོར་སླེབས་པའི་རྗེས་སུ་ས་གནས་ཀྱི་ནད་འགོག་སྒྲིག་ཁྲིམས་རྣམས་ངེས་པར་དུ་བསྲུང་དགོས་ཞེས་འབོད་སྐུལ་ཞུས་སོང་།།

འདས་པའི་བདུན་ཕྲག་དེར་རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་གནས་སྡོད་བྱ་ཡུལ་ཁག་ཏུ་མི་༡༠་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༡་ལ་འཆི་སྐྱོན་བྱུང་སོང་། ད་ལྟའི་གནས་སྐབས་སུ་སྤྱི་ཡོངས་ཀྱི་ཆ་ནས་ནད་ཡམས་འདིར་སྣང་མེད་དང་སྔོན་འགོག་ལ་འཐུས་ཤོར་བཏང་ན་ཉེན་ཚབས་ཆེ་ཞེས་དྲན་སྐུལ་བཏང་འདུག ཕྱི་ཟླ་དང་པོའི་ཚེས་༡༨་ནས་རྒྱ་གར་རྒྱལ་ཡོངས་སུ་བཀག་སྡོམ་ཕྱིར་འཐེན་བྱས་ཤིང་། ད་ལྟའི་བར་དུ་རྒྱ་གར་གྱི་སྨན་པ་དང་སྨན་ཞབས་པ་སོགས་ནད་ཡམས་གྱི་མདུན་སར་འཐོན་མཁན་མི་གྲངས་ས་ཡ་༡༢་ལྷག་ལ་འགོག་ཁབ་བརྒྱབ་ཟིན་པར་མ་ཟད། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་སྨན་པ་དང་སྨན་ཞབས་པ་སོགས་ནད་ཡམས་ཀྱི་མདུན་སར་འཐོན་མཁན་མི་༤༠༦་ལའང་འགོག་ཁབ་བརྒྱབ་ཟིན་འདུག


ཕྱི་ཟླ་གསུམ་པ་ནས་རྒྱ་གར་རྒྱལ་ཡོངས་སུ་འགོག་ཁབ་རིམ་པ་གཉིས་པ་དེ་ལོ་ན་༦༠་བརྒལ་བ་རྣམས་ལ་གཞུང་དང་སྒེར་གྱི་སྨན་ཁབ་གཉིས་ཀར་རྒྱག་འགོ་འཛུགས་རྒྱུ་ཡིན་པས་བོད་པ་བཙན་བྱོལ་བ་ཚོས་ས་གནས་འགོ་འཛིན་སོགས་ལ་འབྲེལ་བ་དང་ལམ་སྟོན་ཞུ་དགོས་ཞེས་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་ནན་བརྗོད་གནང་སོང་། ཁོང་གིས་བོད་པ་ཚོས་འགོག་ཁབ་མ་བརྒྱབ་པའི་ཉིན་གཉིས་ཀྱི་སྔོན་དང་འགོག་ཁབ་བརྒྱབ་ཚར་བའི་གཞུག་ཏུ་བདུན་ཕྲག་གཉིས་ལ་ཆང་རག་འཐུང་མི་ཉན་ཞེས་ལམ་སྟོན་གནང་ཞིང་། ད་ལྟའི་ཆར་འཕྲོད་བསྟེན་ལས་ཁུངས་སུ་ཐོ་བཀོད་བྱུང་བར་གཞིགས་ན། རྒྱ་གར་དང་བལ་ཡུལ་གཉིས་སུ་བོད་པ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་ཁྱོན་བསྡོམས་མི་༡༥༤༠་བྱུང་ཡོད་པ་དང་མི་༡༤༨༠་དྲག་སྐྱེད། མི་༤༡་འདས་གྲོངས་སུ་གྱུར་པ་དང་སྨན་བཅོས་བྱེད་བཞིན་པ་མི་༡༩་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG