ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིན་ཅང་ལ་མི་རིགས་གཙང་སེལ་འབྱུང་གི་ཡོད་པའི་སྐྱོན་འཛུགས། 


FILE PHOTO: Workers walk by the perimeter fence of what is officially known as a vocational skills education centre in Dabancheng in Xinjiang Uighur Autonomous Region, China September 4, 2018. REUTERS/Thomas Peter/File Photo

༄༅།། ཕྱི་ཟླ་༢་པའི་ཚེས་༢༥་ཉིན་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་གྱི་འདུག་ཅེས་གྲོས་ཆོད་བཞག འདི་ནི་ཡུ་རོབ་རྒྱལ་ཁབ་ཅིག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་འབྱུང་གི་འདུག་ཅེས་རྒྱ་ནག་ལ་ཉེས་འཛུགས་ཀྱི་གྲོས་ཆོད་བཞག་པ་ཐེངས་དང་པོ་ཡིན་ཞིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཉམས་ཞིབ་པ་དང་རྒྱལ་སྤྱིའི་ལས་འགུལ་བ་ཚོས་རྒྱ་ནག་གཞུང་གིས་ཉུང་མཐར་ཡང་ཞིན་ཅང་གི་ཡུ་གུར་བ་དང་ཧ་ས་ཁ་བ། ཀིར་ཀི་བ་སོགས་ཁ་ཆེ་གྲངས་ཉུང་མི་རིགས་ས་ཡ་གཅིག་ལྷག་བཙོན་སྒར་ཁག་ཏུ་བཀག་ཉར་བྱས་ནས་ཆབ་སྲིད་ཀྱི་བསམ་བློའི་སློབ་གསོ་གཏོང་བ་དང་ངལ་རྩོལ་བཙན་བཀོལ། ཡུ་གུར་བ་སོགས་ལ་མནར་གཅོད་གཏོང་བ་དང་བུད་མེད་ལ་བཙན་གཡེམ། སྐྱེས་སྒོ་རྩ་གཅོད་བྱེད་ཀྱི་འདུག་ཅེས་ནག་ཉེས་བཙུགས། ནེ་དྷར་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་བཞག་པའི་གྲོས་ཆོད་དེར་རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཞིན་ཅང་ལ་མི་རིགས་གཙང་སེལ་འབྱུང་གི་འདུག་ཅེས་གསལ། འོན་ཀྱང་གྲོས་ཆོད་དེར་མི་རིགས་གཙང་སེལ་གྱི་ལན་ཁག་དེ་ཉིད་རྒྱ་ནག་གཞུང་ལ་འདུག་ཅེས་མ་བཀོད། ཉི་མ་གཉིས་ཀྱི་གོང་དུ་བྱང་ཨ་རིའི་རྒྱལ་ཁབ་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་༢༦༦་གིས་སྤྱི་མོས་ཐོག་ཏུ་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་གནས་ཚུལ་འབྱུང་གི་འདུག་ཅེས་གྲོས་ཆོད་བཞག ཨ་མི་རི་ཀའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་སྔ་ལོ་ནས་རྒྱ་ནག་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་འདུག་ཅེས་བསྒྲགས།།

ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས།
ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས།

ནེ་དྷར་ལན་ཌིའི་ཕྱི་སྲིད་བློན་ཆེན་གྱིས་ང་ཚོའི་སྲིད་གཞུང་གི་ངོས་ནས་མི་རིགས་གཙང་སེལ་ཞེས་པའི་མིང་ཚིག་དེ་བཀོལ་སྤྱོད་བྱ་རྒྱུ་མིན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཉེས་དོན་ཁྲིམས་ཁང་སོགས་ཀྱིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་འདུག་ཅེས་ཁྱབ་བསྒྲགས་བྱས་མེད་པ་རེད། ཡིན་ནའང་ཞིན་ཅང་གི་ཡུ་གུར་བའི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད། ནེ་དྷར་ལན་ཌིའི་གྲོས་ཚོགས་ཀྱིས་ཞིན་ཅང་ལ་མི་རིགས་གཙང་སེལ་འབྱུང་གི་འདུག་ཅེས་གྲོས་ཆོད་བཞག་པ་རེད། ང་ཚོས་རྒྱལ་ཁབ་གཞན་ཁག་གིས་ཀྱང་གནད་དོན་དེར་སེམས་ཁུར་བླངས་ནས་མཉམ་འབྲེལ་བྱེད་ཐུབ་པའི་རེ་ལྟོས་འཆང་ཡོད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ནེ་དྷར་ལན་ཌིའི་གྲོས་ཚོགས་ལ་གྲོས་གཞི་འདོན་མཁན་གྲོས་ཚོགས་འཐུས་མི་ཤཱོར་ཆོ་ཌི་སེ་ཝས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཁོ་པས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་གནས་ཚུལ་འབྱུང་གི་ཡོད་པའི་གྲོས་གཞི་བཏོན་པ་གཅིག་པུ་མིན། ༢༠༢༢་ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་ལ་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་རྩེད་འགྲན་འཚོགས་འཆར་ཡོད་པ་དེ་ལའང་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད། རྒྱ་ནག་གི་དབང་སྒྱུར་འོག་ཏུ་ཡུ་གུར་བ་ཚོར་གདུག་རྩུབ་དྲག་པོ་འཕོག་གི་ཡོད་པར་ངོས་འཛིན་བྱ་དགོས། འདི་ལ་མི་རིགས་གཙང་སེལ་ཟེར་བ་དང་འཛམ་གླིང་ཡོངས་ལ་ལྟ་རྟོག་བྱེད་དུ་འཇུག་གི་མེད་པ་རེད། དེར་བརྟེན་ང་ཚོས་འདི་ལ་དོ་ཁུར་མ་བླངས་ཀ་མེད་རེད་ཅེས་བཤད། ནེ་དྷར་ལན་ཌིའི་གྲོས་ཆོད་དེར་རྒྱ་ནག་གཞུང་གིས་སྐྱེས་སྒོ་གཅོད་པ་དང་བཙོན་སྒར་ཁག་ཏུ་མི་ལ་རྡུག་རྡེག་གཏོང་བའི་བྱ་ཐབས་ཁག་ཅིག་ལག་ལེན་བསྟར་གྱི་ཡོད་པ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ཨང་༢༦༠་བ་དེར་འཁོད་པའི་མི་རིགས་གཙང་སེལ་གྱི་མཚན་ཉིད་ལ་མཐུན་ཞེས་བཀྲལ། སྲིད་བློན་མར་ཁེ་རུ་ཐེའི་རྙིང་ཞེན་ཚོགས་པའི་འཐུས་མི་ཚོས་གྲོས་ཆོད་དེར་རྒྱབ་སྐྱོར་མེད་པའི་འོས་ཤོག་འཕངས།།

རྒྱལ་ས་ཧེ་གྷེ་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་འབྱུང་གི་འདུག་ཟེར་བ་ནི་རྫུན་གཏམ་ཆེན་པོ་ཞིག་རེད། ནེ་དྷར་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་བསམ་བཞིན་རྒྱ་ནག་ལ་མིང་ཤས་ངན་པ་བཟོ་ཐབས་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཞིག་རེད་ཅེས་དགག་པ་བརྒྱབ། རྒྱ་ནག་གཞུང་ཚབ་ཁང་གི་དྲྭ་ལམ་དུ་ཉེ་བའི་ལོ་ཤས་ཤིག་ནས་ཞིན་ཅང་གི་ཡུ་གུར་བའི་མི་འབོར་འཕེལ་རྒྱས་འགྲོ་བཞིན་ཡོད། ཡུ་གུར་མི་རིགས་ཀྱི་འཚོ་བའི་གནས་སྟངས་ཡར་རྒྱས་དང་མིའི་ཚེ་ཐག་ཀྱང་ཇེ་རིང་དུ་སོང་། འདི་ལ་མི་རིགས་གཙང་སེལ་ཇི་ལྟར་ཟེར་ཐུབ། ཞིན་ཅང་གི་གནད་དོན་རྣམས་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས། ཆོས་ལུགས་ཀྱི་གནད་དོན་ཞིག་མིན། རྒྱ་ནག་གཞུང་གིས་ཞིན་ཅང་གི་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱེད་ཀྱི་ཡོད་ཅེས་བཀོད། གཟའ་ལྷག་པའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་བཅའ་སྡོད་རྒྱ་ནག་གི་སྐུ་ཚབ་ཀྱིས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུ་གུར་བའི་གནད་དོན་ཁ་ལ་ཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་གཏོགས་བྱེད་ཀྱི་འདུག་ཅེས་ངོ་རྒོལ་བྱས་འདུག་པར་མ་ཟད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་བའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་གཏོང་གི་མེད། ཞིན་ཅང་གི་ལས་གྲྭ་དེ་དག་མཐའ་ལྷུང་རིང་ལུགས་ཀྱི་ཤན་ཤུགས་ཐེབས་པའི་ན་གཞོན་ཚོར་ལག་ཤེས་སློབ་སྦྱོང་དང་སྐད་ཡིག་སློང་སྦྱོང་། གློག་ཀླད་སོགས་རིག་གནས་གསར་པ་སློབ་སའི་སློབ་གྲྭ་ཡིན་ཞེས་འགྲེལ་བཤད་ཐ་དད་ཅིག་བརྒྱབ་ཡོད་པ་རེད།།

ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ཁེ་ན་ཌའི་གྲོས་ཚོགས་ཀྱིས་ཞིན་ཅང་ལ་མི་རིགས་གཙང་སེལ་འབྱུང་གི་འདུག་ཅེས་གྲོས་ཆོད་བཞག ཁེ་ན་ཌའི་གྲོས་ཆོད་དེར་རྒྱ་ནག་གཞུང་གིས་མུ་མཐུད་དུ་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་ཚེ། ཁེ་ན་ཌའི་གཞུང་གིས་རྒྱལ་སྤྱིའི་ཨོ་ལིམ་ཕིཀ་འཛིན་སྐྱོང་ལྷན་ཚོགས་ལ་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་རིགས་འགྲན་སྡུར་རྒྱལ་ཁབ་གཞན་ཞིག་ལ་འཚོགས་དགོས་པའི་སྐུལ་ལྕག་གཏོང་དགོས་ཞེས་འཁོད། ད་སྔ་ཁེ་ན་ཌའི་སྲིད་བློན་ཆེན་གྱིས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་མི་རིགས་གཙང་སེལ་གྱི་སྲིད་ཇུས་རེད་ཅེས་བཤད་མེད་ཅིང་། ཁོང་གིས་ཞིན་ཅང་ལ་ཅི་ཞིག་འབྱུང་གི་ཡོད་པ་ནི་ཧ་ཅང་གི་ཚབས་ཆེན་ཞིག་རེད། དེ་ལ་མི་རིགས་གཙང་སེལ་ཞེས་པའི་ཐ་སྙད་མ་སྦྱར་སྔོན་དུ་བརྟག་དཔྱད་གཟབ་ནན་བྱ་དགོས་ཀྱི་འདུག་ཅེས་བཤད། ཁེ་ན་ཌའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཀྱིས་ང་ཚོས་གྲོས་ཆོད་འདི་འདྲ་ཞིག་འཇོག་དགོས་ངེས་སུ་གྱུར་སོང་། རྒྱ་ནག་ལ་ཁེ་ན་ཌའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་མིའི་ཆེ་མཐོང་ལ་བརྩི་འཇོག་བྱེད་ཀྱི་ཡོད་པའི་བརྡ་ལན་གོ་ནོར་ཐེབས་ས་མེད་པ་ཞིག་གཏོང་དགོས་ཀྱི་འདུག ང་ཚོར་དཔལ་འབྱོར་དང་ཚོང་ལས་ཀྱི་གྱོང་གུད་འཕོག་ཀྱང་ཁྱད་པར་མེད་ཅེས་གཏམ་བཤད་བྱས་ཤིང་། ཁོང་གིས་ཟླ་སྟོད་འདིར་སྲིད་བློན་ཊི་རུ་ཌོར་ལ་ཡོངས་གྲགས་ཀྱི་སྙན་ཞུ་ཞིག་ཕུལ་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་ཞེས་ནན་སྐུལ་བྱས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཟུར་པ་མེཀ་ཕོམ་ཕིའོ་དང་ད་ལྟའི་ཕྱི་སྲིད་དྲུང་ཆེ་གསར་པ་ཨན་ཐོ་ཎི་བྷ་ལིན་ཁེན་གཉིས་ཀས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་ལག་ལེན་བསྟར་གྱི་ཡོད་པའི་སྲིད་ཇུས་དེ་རྣམས་མི་རིགས་གཙང་སེལ་གྱི་སྲིད་ཇུས་རེད་ཅེས་བསྒྲགས། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཁྲེན་ཆོན་གོ་སོགས་ཀྱིས་ཨ་མི་རི་ཀར་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་ན་མཁར་དངོས་རྣམས་འགོག་ཉར་བྱེད་ཆོག ཁྲེན་ཆོན་གོ་སོགས་ཨ་རིས་ཉེས་ཆད་གཅོད་ཡུལ་ཞིན་ཅང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཁག་དང་དེ་དག་གི་བཟའ་ཟླ་བུ་ཕྲུག་སོགས་ཨ་མི་རི་ཀར་ཡུལ་སྐོར་སྤྲོ་འཆམ་མམ། སློབ་སྦྱོང་དང་སྨན་བཅོས་སོགས་ལ་ཡོང་མི་ཆོག རྒྱ་ནག་གཞུང་གིས་ཡུ་གུར་བ་རྣམས་ངལ་རྩོལ་བཙན་བཀོལ་བྱས་ནས་བཟོ་སྐྲུན་བྱེད་དུ་བཅུག་པའི་ཐོན་སྐྱེད་དང་དངོས་ཟོག་རྣམས་ཨ་མི་རི་ཀར་ནང་འདྲེན་བྱེད་མི་ཆོག་ཅེས་བཅའ་ཁྲིམས་གཏན་ལ་ཕབ། ཡིན་ནའང་ཁེ་ན་ཌའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་གྲོས་ཆོད་དེར་ཨ་མི་རི་ཀ་ལྟར་ཞིན་ཅང་གི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་དགོས་པ་དང་ཞིན་ཅང་གི་དངོས་ཟོག་ནང་འདྲེན་བྱེད་མི་ཆོག་ཅེས་མ་འཁོད། དེས་ཁེ་ན་ཌའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་ཨ་མི་རི་ཀར་མིག་དཔེ་བལྟས་ནས་རྒྱ་ནག་གི་འགོ་ཁྲིད་ཚོར་ཉེས་ཆད་གཅོད་དགོས་གླེང་སློང་བྱ་རྒྱུ་ཤུགས་ཆེ་རུ་སོང་། ད་ལྟ་ཡུ་རོབ་རྒྱལ་ཁབ་ནེ་དྷར་ལན་ཌིའི་རྒྱལ་ཡོངས་གྲོས་ཚོགས་ཀྱིས་ཀྱང་ཞིན་ཅང་ལ་འབྱུང་གི་ཡོད་པ་མི་རིགས་གཙང་སེལ་རེད་ཅེས་གྲོས་ཆོད་བཞག་ཡོད་པས་རིམ་བཞིན་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གཞུང་གིས་ཞིན་ཅང་ལ་མི་རིགས་གཙང་སེལ་གྱི་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་ངོས་འཛིན་བྱེད་མཁན་ཇེ་མང་དུ་འགྲོ་སྲིད་པའི་རྣམ་པ་ཞིག་ཐོན་འདུག

XS
SM
MD
LG