ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༠༣

རྒྱ་གར་གྱིས་བརྗེད་ཟིན་པའི་གངས་ཏེ་སེའི་མོན་འཚེར་ས་ཆ།


༄༅།། ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་རྒྱ་གར་གྱི་ཊི་རི་བྷུན་གསར་ཤོག་ལ་མོན་འཚེར་གྱི་གནད་དོན་ནི་ཁྲིམས་ལུགས་ལྟར་གྲོས་མོལ་བྱས་ནས་ཐག་ཆོད་མེད། རྒྱ་ནག་གིས་མོན་འཚེར་གྱི་གནད་དོན་ལ་གྲོས་མོལ་བྱ་རྒྱུ་དེར་གཡོལ་ཐབས་བྱེད་ཀྱི་འདུག དེའི་རྒྱུ་མཚན་ནི་རྒྱ་གར་གྱི་ཧིན་རྡུ་ཚོས་གངས་ཏེ་སེ་ལྷ་དབང་ཕྱུག་གི་གནས་སུ་བརྩིས་ཏེ་གནས་མཆོག་ཅིག་ཡིན་པའི་གནད་འགག་ཤེས་ཀྱི་ཡོད་པས་རེད། རྒྱ་ནག་གིས་དེ་ལས་ལྡོག་སྟེ་མོན་ཡུལ་བོད་པ་ཚོར་ཆོས་ཕྱོགས་ཀྱི་གནས་མཆོག་རྩ་ཆེན་ཞིག་ཡིན་ཞེས་བདག་དབང་རྩོད་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པའི་གནས་སྤེལ་འདུག རྒྱ་གར་གྱི་འཐབ་ཇུས་མཁས་པ་ཕུན་ཚོགས་སྟོབས་ལྡན་གྱིས་ཉིན་ཤས་གོང་དུ་རྩོམ་ཡིག་ཅིག་བྲིས་ནས་༡༩༦༠་རེ་གྲངས་བར་དུ་རྒྱ་གར་ལ་གངས་ཏེ་སེའི་ཁུལ་དུ་མོན་འཚེར་ཞེས་ཁྲིམས་མཐུན་གྱི་ས་ཆ་ཞིག་ཡོད་པ་མི་ཚོས་ཤེས་ཀྱི་མི་འདུག དེ་ནི་༡༦༨༤་ལོར་བོད་དང་མན་ཇུའི་དམག་གིས་ལ་དྭགས་ལ་བཙན་འཛུལ་བྱས་ནས་རུ་ཐོག་ནས་བལ་ཡུལ་གྱི་འབྲེལ་མཚམས་བར་དུ་ལ་དྭགས་ཀྱི་ཕྱེད་ཀ་ཤོར་བའི་རྗེས་སུ་ལ་དྭགས་རྒྱལ་པོས་རྒྱུན་འཛིན་བྱས་པའི་ས་ཆ་འབའ་ཞིག་དེ་རེད། ༡༦༨༤་ལོར་གཏིང་མོ་སྒང་དུ་ཆིངས་ཡིག་བཞག་སྟེ་སྤང་གོང་མཚོ་ཆ་བགོ་བྱ་རྒྱུ་དང་བདེ་མཆོག་ཆུ་བོའི་འགྲམ་གྱི་ཏོག་པོ་ལྷ་རི་བོད་དང་ལ་དྭགས་ཀྱི་ལྷོ་ཕྱོགས་ས་མཚམས་སུ་གཏན་ཁེལ་ཞིང་། ལ་དྭགས་ཀྱིས་ལོ་ལྟར་བོད་ལ་གསེར་རྡུལ་དང་ཁ་ཆེ་ཀུམ་གུམ། སྲིལ་བལ་བཅས་ཀྱི་ལོ་ཕྱག་(དཔྱ་སྐྱེས) འབུལ་རྒྱུ། ལ་དྭགས་ཀྱི་ཚོང་པ་རྣམས་བོད་ལ་བཀག་འགོག་མེད་པར་ར་ཁུལ་ཚོང་འགྲེམ་བྱེད་དུ་ཡོང་ཆོག་པ། མ་ཕམ་གཡུ་མཚོ་དང་ལག་ངར་མཚོ་འགྲམ་དུ་ཆགས་པའི་མོན་འཚེར་ས་ཁུལ་དེ་ཉིད་ལ་དྭགས་ཀྱིས་བདག་སྐྱོང་བྱེད་ཆོག་པ་འཁོད་ཡོད་ཅེས་བཀྲལ།།

རྒྱ་གར་གྱི་འཐབ་ཇུས་མཁས་པ་ཕུན་ཚོགས་སྟོབས་ལྡན་གྱིས་བྲིས་པའི་རྩོམ་ཡིག་ནང་དུ་ལོ་༡༦༠་ཐམ་པའི་གཞུག་སྟེ། ༡༨༤༡་ལོར་རྡོག་ར་བའི་དམག་སྤྱི་ཛོ་ར་ཝར་སིང་གིས་བོད་ལ་དམག་དྲངས། རྒྱ་དམག་དང་བོད་དམག་གིས་རྡོག་རའི་དམག་གི་སྐྱེལ་འདྲེན་གྱི་ལམ་བཀག་སྟེ་དམག་དཔུང་ཡོང་དུ་བཅུག དེ་ནས་མ་ཡུམ་ལ་དང་གླང་ཆེན་ཁ་འབབ་ཀྱི་མདོ་དེར་ཛོ་ར་ཝར་སིང་གི་སྐེ་བཅད་ནས་བསད། རྡོག་རའི་དམག་དཔུང་ལྷག་འཕྲོ་རྣམས་གླེ་ནས་མཐར་བསྐྲད། དབྱིན་ཇིས་རྡོག་རའི་དམག་སྐུལ་ལ་ངོ་རྒོལ་བྱས་ཏེ་རྒྱབ་སྐྱོར་མ་བྱས་པར་རྒྱ་ནག་ཤར་ཕྱོགས་ཀྱི་མཚོ་ཁར་དབྱིན་ཇིའི་མི་སྡེ་ཆགས་པར་དོ་ཕོག་འབྱུང་སྲིད་པར་འཛེམས། ཕྱིས་སུ་རྡོག་ར་བ་དང་ལ་དྭགས་པའི་དམག་གིས་ཆུ་ཤུལ་ས་ཁུལ་དུ་བོད་དམག་ཕམ། ༡༨༤༢་ལོའི་ཆུ་ཤུལ་གྱི་ཆིངས་ཡིག་ནང་དུ་ཕྱོགས་གཉིས་ཀྱི་གནས་ཐོབ་རྒྱུན་འཁྱོངས་བྱ་རྒྱུ་དང་ཕན་ཚུན་གྱི་ས་མཚམས་བརྒལ་བར་མི་བྱ་ཞེས་གྲོས་མཐུན་བཞག ཆིངས་ཡིག་དེས་རྡོག་རའི་དམག་གིས་བོད་ལ་དཔུང་འཇུག་བྱ་རྒྱུ་དང་བོད་ཀྱིས་ལ་དྭགས་ལ་བཙན་འཛུལ་བྱ་རྒྱུ་མཇུག་བསྒྲིལ་ཏེ་བོད་དང་ལ་དྭགས་གཉིས་ཀའི་སྲོལ་རྒྱུན་གྱི་ས་མཚམས་ཚུགས། དབྱིན་ཇིས་རྡོག་རའི་དམག་གིས་སླར་ཡང་བོད་ལ་དཔུང་འཇུག་བྱ་རྒྱུར་སྐྲག་སྟེ་༡༨༤༧་ལོར་མཐའ་མཚམས་ཀྱི་ལས་སྣེ་གཉིས་བསྐོས་ནས་ས་མཚམས་དབྱེ་འབྱེད་བྱེད་དུ་བཅུག་ཀྱང་བོད་པ་དང་རྒྱ་ནག་གི་ལས་སྣེ་གཅིག་ཀྱང་བསླེབས། དབྱིན་ཇིའི་ལས་སྣེ་ཚོས་རང་སྣང་གང་དྲན་གྱི་སྒོ་ནས་ས་མཚམས་ཤིག་བྲིས་ཏེ་ཚོད་དཔག་གིས་ས་ཚིགས་བཙུགས་ཏེ་མཐའ་མཚམས་ཀྱི་སོ་ཁང་ཡིན་ཞེས་ཐག་བཅད་པ་མིག་གིས་མཐོང་རྒྱུ་འདུག་ཅེས་བཀོད།།

ལ་དྭགས་པ་ཕུན་ཚོགས་སྟོབས་ལྡན་གྱིས་༡༩༡༡་དང་༡༩༢༡་ལོའི་མི་འབོར་ཞིབ་བཤེར་སྐབས་སུ་མོན་འཚེར་དུ་ཁྱིམ་ཚང་༤༤་འདུག ༡༩༥༨་ལོར་ཇམ་མུ་དང་ཀསྨིར་གཞུང་གིས་ལ་དྭགས་ལ་གྲོང་ཚོ་༡༡༠་ཡོད་པ་དེའི་ཁོངས་སུ་མོན་འཚེར་བཅུག་ཡོད་ཅིང་། འོ་ན་རྒྱ་གར་ལ་བོད་ནང་ཁུལ་དུ་མོན་འཚེར་གྱི་བདག་དབང་ཡོད་པ་ཅིའི་ཕྱིར་བློས་བཏང་བ་རེད། དེ་ནི་ནེ་རུའི་སྐྱོན་ཡིན་པ་དང་ཀསྨིར་གཞུང་གི་ཆོག་མཆན་མེད་པར་ས་དེ་བློས་གཏོང་མི་ཆོག་པའི་དགག་བྱ་བྱུང་འདུག ༡༩༤༧་ལོར་བོད་གཞུང་གིས་རྒྱ་གར་ལ་མོན་ཡུལ་དང་ལ་དྭགས་བཅས་བོད་ས་ཤོར་བ་རྣམས་ཕྱིར་སློག་བྱ་དགོས་པའི་དར་འཕྲིན་གཉིས་བཏང་བའི་རྗེས་སུ་ནེ་རུ་ཅི་བྱ་གཏོལ་མེད་དུ་གྱུར་པ་འདྲ། ནེ་རུས་དར་འཕྲིན་དེ་དག་གྲོས་ཚོགས་ལ་གསང་བ་བྱས་ཀྱང་༡༩༥༩་ལོར་ཀྲུག་ཨེན་ལེས་བོད་གཞུང་གིས་༡༩༤༧་ལོར་རྒྱ་གར་ལ་ཡིག་འབྲེལ་བྱས་པ་དྲན་སྐུལ་བྱས་པར་མ་ཟད། ༡༨༤༢་ལོར་བོད་དང་ལ་དྭགས་གཉིས་ཀྱིས་ཆིངས་ཡིག་བཞག་པར་རྒྱ་ནག་གིས་ངོས་ལེན་མེད་ཅེས་བཟློས། རྒྱ་ནག་གི་ས་ཁྲའི་ནང་དུ་འབྲུག་དང་འབྲས་ལྗོངས། བོད་གསུམ་འདྲེས་མཚམས་ཀྱི་འབྲུག་པའི་ས་ཆ་རྒྱ་ཆེན་པོ་ཞིག་རྒྱ་ནག་གི་ས་ཁྲའི་ནང་དུ་བཀོད་ཡོད་པས་༡༩༥༩་ལོར་ནེ་རུས་རྒྱ་ནག་ལ་དགག་པ་བརྒྱབ། ལྡི་ལི་གསར་པས་འབྲུག་ཡུལ་ལ་བདག་དབང་ཡོད་པའི་ས་ཆ་རྣམས་ཕྱིར་སློག་བྱ་དགོས་ཞེས་རྒྱ་ནག་ལ་གླེང་སློང་བྱས་ཀྱང་མོན་འཚེར་གྱི་བདག་དབང་ཐད་རྒྱ་ནག་ལ་གླེང་སློང་བྱས་པའི་ཡིག་ཆ་ཅི་ཡང་མི་རྙེད། ༡༩༦༡་ལོར་བཏོན་པའི་གཞུང་འབྲེལ་སྙན་ཐོའི་ནང་དུ་རྒྱ་གར་ལ་གངས་ཏེ་སེའི་ཁུལ་དུ་འཛིན་སྐྱོང་དང་དཔྱ་ཁྲལ་བསྡུ་ཆོག་པའི་ཐོབ་ཐང་ཡོད་པ་ཆ་ཚང་གསལ། གལ་ཏེ་མཁས་པའི་བགྲོ་གླེང་ཞིག་གི་ཚུལ་དུ་མ་གཏོགས་མ་བྱུང་ཡང་གནད་དོན་ཁག་ཅིག་ངེས་པར་དུ་གླེང་དགོས་ཀྱི་འདུག རྒྱ་གར་ལ་གངས་ཏེ་སེའི་ཁུལ་དུ་ས་ཆའི་ཐོབ་ཐང་ཡོད་པར་རྒྱ་ནག་གིས་ནམ་ཡང་རྩོད་པ་མ་བརྒྱབ་པ་དང་རྒྱ་གར་གྱིས་ཀྱང་གནད་དོན་དེའི་སྐོར་རྒྱ་ནག་ལ་གླེང་མ་བྱས་ན་མོན་འཚེར་སྔར་བཞིན་ཁྲིམས་ཐོག་ཏུ་རྒྱ་གར་ལ་དབང་བ་ཞིག་རེད་དམ་ཞེས་དོགས་གཅོད་བྱས་འདུག

རྒྱ་གར་གྱི་འཐབ་ཇུས་མཁས་པ་ཕུན་ཚོགས་སྟོབས་ཀྱིས་རྒྱ་གར་གཞུང་གིས་འབྲུག་པའི་ས་ཆ་བོད་ལ་ཤོར་བ་རྣམས་ཕྱིར་སློག་བྱ་དགོས་ཞེས་རྩོད་པ་རྒྱག་ཐུབ་ཚེ། ལ་དྭགས་ལ་བོད་ཀྱི་ནང་དུ་ས་ཆ་ཡོད་པ་རྒྱ་གར་གཞུང་གིས་གླེང་མི་ཐུབ་དོན་ཅི་རེད། ཇམ་མུ་དང་ཀསྨིར་གཞུང་གིས་མོས་མཐུན་མེད་པར་ས་ཆ་བློས་བཏང་བ་ནི་གནད་དོན་དེ་སྔར་བཞིན་ཐག་ཆོད་མེད་པ་ཞིག་མིན་ནམ། ད་ལྟའི་བར་དུ་ཇམ་མུ་དང་ཀསྨིར་གཞུང་གིས་གནད་དོན་དེ་སྦས་བཞག་པ་རེད། ད་ནས་ལ་དྭགས་དབུས་ཐད་སྐྱོང་ས་གནས་གཞུང་ལ་གནད་དོན་དེ་གླེང་དུ་འཇུག་རྒྱུ་ཡིན་ནམ། གལ་སྲིད་རྒྱ་གར་གཞུང་གིས་ཀསྨིར་གྱི་མ་ཧ་ར་ཇའི་མངའ་ཁོངས་ཤིག་བློས་གཏོང་རྒྱུ་ཡིན་ན་དེ་ལ་སྐྱིན་ཚབ་ཅིག་ཅིའི་ཕྱིར་མ་བླངས་པ་རེད། མོན་འཚེར་གྱི་གནད་དོན་དེ་གྲོས་མོལ་བྱས་ནས་ཁྲིམས་ཐོག་ཏུ་ཐག་ཆོད་མེད་པ་གསལ་པོ་རེད། དབྱིན་ཇིའི་ལོ་རྒྱུས་སྨྲ་བ་ཇཱོན་བྷ་རེ་ཡིས་གནད་དོན་གང་ཞིག་ཞབས་མཆན་ཙམ་ལས་མིན་རུང་དེ་ལ་གསལ་པོ་བཟོ་དགོས་ཞེས་གསུངས་པ་ལྟར་ཡིན་ཞིང་། འདི་ནི་༡༩༤༧་གྱི་སྔོན་དུ་རྒྱ་གར་ལ་བོད་ཀྱི་ནང་དུ་ས་ཆ་ཡོད་པ་བློས་བཏང་སྟེ་ཧི་མ་ལ་ཡའི་ལྗོངས་སུ་བོད་ལ་ས་ཆ་ཡོད་པ་རྣམས་རྒྱ་ནག་ལ་བློས་གཏོང་དུ་མ་བཅུག་པར་བོད་རྒྱ་ནག་གི་ཆ་ཤས་སུ་ངོས་འཛིན་བྱས་པ་རེད། འདས་པའི་ལོ་༣༠༠་ལྷག་ལ་མོན་འཚེར་ནི་རྒྱ་གར་གྱི་ཚོང་པ་དང་གནས་སྐོར་བ་ཚོར་ས་ཚིགས་ཤིན་ཏུ་གལ་ཆེན་ཞིག་ཡིན་རུང་རྒྱ་གར་གྱི་འཐབ་ཇུས་པ་སུ་གཅིག་གིས་ཀྱང་དེའི་གནད་འགག་ངོས་མ་ཟིན། རྒྱ་གར་གཞུང་གིས་མོན་འཚེར་གྱི་གནད་དོན་བསྐྱར་སློང་མ་བྱས་པར་གིལ་གིལ་ཏ་བྷོལ་ཊི་སི་ཐན་ཕྱིར་ལེན་བྱ་རྒྱུ་ཡིན་ཟེར་གྱི་ཡོད་པ་ནི་ཕྱིན་ཅི་ལོག་པའི་སྐད་ཆ་ཞིག་རེད། ད་ལྟའི་གནས་སྟངས་ལ་གཞིགས་ན་ཨག་སའེ་ཅིན་ལས་ཀྱང་གངས་ཏེ་སེ་དང་མ་ཕམ་གཡུ་མཚོའི་ཁུལ་དུ་རྒྱ་གར་ལ་ས་ཆ་ཡོད་པའི་བདག་དབང་རྩོད་རྒྱུ་གནད་འགག་ཆེ། ཧི་མ་ལ་ཡའི་ལྗོངས་སུ་རྒྱ་བོད་ཀྱི་རྒྱ་སྐྱེད་འབྱུང་རྒྱུ་འགོག་ཐབས་སུ་རྒྱ་གར་གྱིས་ས་ཆ་ཞིག་འཛིན་རྒྱུ་གལ་གནད་ཤིན་ཏུ་ཆེ། རྒྱ་བོད་གང་རུང་གིས་སོ་སོའི་ཁེ་ཕན་ཆེད་དུ་༡༨༤༢་ལོའི་ལོ་ཕྱག་ཆིངས་ཡིག་བཀོད་གཅོད་བྱེད་སྲིད། བདེ་མཆོག་གི་རྩོད་གཞི་ཡང་འདིར་ཐུག་ཡོད་པས་ང་ཚོས་བསྐྱར་དུ་བསམ་ཞིབ་བྱ་དགོས་ཞེས་བྲིས་འདུག

༢༠༡༣་ལོའི་ཕྱི་ཟླ་༨་པའི་ཚེས་༢་ཉིན་རིཅ་ལ་དྭགས་གསར་འགྱུར་ནང་དུ་ཁྱོད་ཀྱིས་མོན་འཚེར་ཤེས་སམ་ཞེས་གནས་ཚུལ་ཞིག་སྤེལ། གསར་འགྱུར་དེའི་རྩོམ་ཡིག་ནང་དུ་དེང་སྐབས་རྒྱ་གར་གྱི་ཆ་ཤས་སུ་གྱུར་པའི་ལ་དྭགས་རྒྱལ་ཁམས་ལ་༡༩༦༥་བར་དུ་མོན་འཚེར་གྱི་བདག་དབང་ཆ་ཚང་ཡོད་པ་ཤེས་སམ། ད་ལྟ་ཕངས་པ་ཞིག་ལ་ང་ཚོ་ཐུན་མོང་གི་དྲན་ཡུལ་ནས་ས་ཆ་དེ་བརྗེད་པ་རེད། འབྲུག་ཡུལ་ལའང་གངས་ཏེ་སེའི་ཁུལ་དུ་དར་ཆེན་བླ་བྲང་ཞེས་ས་ཆ་ཞིག་འདུག ལ་འབྲུག་གཉིས་ཀས་རང་གཏོགས་ས་ཁུལ་དེ་དག་ནས་ལོ་༣༥༠་ལྷག་ལ་དཔྱ་ཁྲལ་བསྡུས། ལ་དྭགས་རྒྱལ་པོས་རྒྱུ་མཚན་གཉིས་ལ་བརྟེན་ནས་མོན་འཚེར་གྱི་བདག་དབང་བཟུང་། གཅིག་ནི་མོན་འཚེར་བརྒྱུད་ནས་རྒྱ་གར་གྱི་ཚོང་པ་དང་གནས་སྐོར་བ་རྣམས་གངས་ཏེ་སེའི་ཕྱོགས་སུ་བསྐྱོད་པའི་ལམ་ཚིགས་ཤིག་བཙུགས། གཉིས་ནི་ལམ་ཚིགས་དེ་ནས་ཚོང་ཁྲལ་བསྡུས་ཏེ་ལོ་ལྟར་གངས་རིན་པོ་ཆེར་མཆོད་འབུལ་གྱི་འགྲོ་གྲོན་འདུ་འགོད་བྱས་པ་རེད། ༡༨༤༦་ལོར་ཀསྨིར་གྱི་མ་ཧ་ར་ཇས་ལ་དྭགས་དབང་དུ་བསྡུས་ཀྱང་ཆིངས་ཡིག་གི་འབྲུ་དོན་ཁག་བསྒྲུབ་རྒྱུར་འཐད་པ་བྱུང་། དབྱིན་ཇིའི་ལོ་རྒྱུས་སྨྲ་བ་ཇཱོན་བྷ་རེ་ཡིས་ལ་དྭགས་ཀྱི་བློན་ཆེན་མཱེ་ཏ་བྷ་སི་ཏི་རམ་གྱིས་༡༨༥༣་ནས་མོན་འཚེར་དུ་ལོ་རེར་དཔྱ་ཁྲལ་ཧིན་སྒོར་༥༦་རེ་བསྡུས། ༡༩༠༥་ལོར་དཔྱ་ཁྲལ་གྱི་དངུལ་འབབ་ཧིན་སྒོར་༢༧༩་ལ་སྤར་འདུག་ཅེས་བྲིས། ༡༩༡༡་དང་༡༩༢༡་གི་རྒྱ་གར་གྱི་མི་འབོར་ཞིབ་བཤེར་སྐབས་སུ་མོན་འཚེར་དུ་དུད་ཁྱིམ་༤༤་ཡོད་པར་མ་ཟད། སྐྱེས་པ་༨༧་དང་བུད་མེད་༧༣་འདུག་ཅེས་འཁོད། མོན་འཚེར་གྱི་ཁྲལ་བསྡུ་ལས་སྣེ་དེ་དག་གི་གྲས་སུ་ཀན་ཤི་རམ་དང་ཚེ་བརྟན་ཕུན་ཚོགས། ཨབ་རྡུལ་ཝ་ཧིད་ར་རྡུ། ལུམ་བྷར་དྷར་གྱི་རུབ་ཤུ་སོགས་འདུག་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG