ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཧོང་ཀོང་བ་ཚོར་མཆི་འབྱིན་དུག་རླངས་ཀྱི་གནོད་འཚེ་ཕོག


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། ཧོང་ཀོང་གི་བཟོ་ལས་ས་ཁུལ་ཞིག་གི་ཟ་ཁང་ཁག་ཏུ་ཉིན་མོའི་དུས་སུ་ཟས་རིགས་གཡོ་སྐོལ་བྱས་ནས་ཚོང་ལས་གཉེར། མཚན་མོའི་དུས་སུ་ཟ་ཁང་དེ་རྣམས་བརྟག་དཔྱད་ཁང་དང་སྨན་ཁང་ལྟ་བུ་ཞིག་ལ་བསྒྱུར་ནས་ལོ་འདིའི་ཧོང་ཀོང་གི་ངོ་རྒོལ་དུས་སུ་མཆི་འབྱིན་དུག་རླངས་ཤུགས་ཆེན་ཕོག་པའི་ནད་པ་ཚོར་སྨན་བཅོས་བྱེད་འགོ་ཚུགས་འདུག ཧོང་ཀོང་གི་དང་བླངས་པ་ཚོས་ཟ་ཁང་གི་ཅོག་ཙེའི་ཐོག་ཏུ་སྨན་སྣ་ཁག་བཀྲམ་ནས་ནད་པ་ཚོར་སྨན་སྤྲོད་པའམ། ཡང་ན་ཐབ་ཚང་དུ་རྫས་རིགས་སྦྱོར་རྟ་བྱས་ནས་སྨན་རྣམས་བཟོ་སྒྲུབ་བྱེད་ཀྱི་ཡོད་ཅིང་། དཔེར་ན་མིང་འདོན་བྱེད་འདོད་མེད་པའི་ཟ་ཁང་བདག་པོ་ཞིག་གིས་ཉེན་རྟོག་པས་མཆི་འབྱིན་དུག་རླངས་གཏོར་རྒྱུ་མང་དྲགས་ནས་ངོ་རྒོལ་བ་བརྒྱ་ཕྲག་མང་པོར་མིག་གིས་མི་མཐོང་བ་དང་དབུགས་འཚང་བ་སོགས་ཀྱི་ནད་རྟགས་ཐོན་སོང་། ང་ཚོས་ངོ་རྒོལ་ལས་འགུལ་གྱི་མདུན་སར་ཐོན་ནས་སྣེ་ཁྲིད་བྱེད་མཁན་ཚོར་དམིགས་བསལ་གྱིས་ལྟ་རྟོག་བྱེད་ཀྱི་ཡོད། ཁོ་ཚོས་རང་སྲོག་འབེན་ལ་བཙུགས་ནས་ཧོང་ཀོང་གི་རང་དབང་དོན་དུ་འཐབ་རྩོད་བྱས་པ་རེད་ཅེས་བཤད། གལ་སྲིད་ཧོང་ཀོང་གི་ཉེན་རྟོག་པ་ཚོས་ཟ་ཁང་བདག་པོ་དེ་དག་གིས་ངོ་རྒོལ་ལས་འགུལ་བ་ཚོར་སྨན་བཅོས་བྱ་ཡུལ་ཁོར་ཡུག་སྐྲུན་གྱི་ཡོད་པ་ཤེས་རྟོགས་བྱུང་ཚེ། ཁོ་མོར་ཧོང་ཀོང་གཞུང་གིས་ཚོང་ལས་བཀག་ནས་ཉེས་ཆད་གཅོད་སྲིད་པའི་འཇིགས་སྣང་བྱེད་ཀྱི་ཡོད་པ་རེད།

ད་ལོའི་ཧོང་ཀོང་གི་ངོ་རྒོལ་དུས་སུ་ཉེན་རྟོག་པས་མཆི་འབྱིན་དུག་རླངས་༡༠༠༠༠་ལྷག་གཏོར་ནས་མི་ཚོགས་ལ་དྲག་གནོན་བྱས་ཀྱང་ཧོང་ཀོང་བ་ཚོས་མངའ་ཁུལ་དེའི་འགོ་ཁྲིད་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོའི་ལམ་ནས་མི་དམངས་ལ་ཐད་ཀར་འོས་འདེམས་བྱེད་དུ་འཇུག་དགོས། ཧོང་ཀོང་གི་ཉེན་རྟོག་པ་ཚོས་མི་མང་ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་པ་དང་གློག་རྒྱུག་གིས་རྡུང་རྡེག་བཏང་བ། མི་ཚོགས་ཁྲོད་དུ་མཆི་འབྱིན་དུག་རླངས་གཏོར་ནས་དྲག་གནོན་བྱས་པར་རང་བཙན་གྱི་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱ་དགོས། ཧོང་ཀོང་གི་ངོ་རྒོལ་ལས་འགུལ་ལ་ཟིང་འཁྲུག་ཅེས་ཉེས་མིང་འདོགས་མི་ཆོག འདས་པའི་ཟླ་བ་༦་གི་རིང་ལ་ཧོང་ཀོང་གཞུང་གིས་འཛིན་བཟུང་བྱས་པའི་ངོ་རྒོལ་བ་རྣམས་གློད་བཏང་ནས་ནག་ཉེས་འཛུགས་མི་ཆོག་ཅེས་དགོས་འདུན་བཏོན། ཧོང་ཀོང་ས་གནས་སུ་མི་རྫོང་མཐུག་པ་དང་ཁང་པ་མང་བའི་སྟབས་ཀྱིས་མཆི་འབྱིན་དུག་རླངས་རྣམས་འཕྲལ་དུ་རླུང་གིས་འཁྱེར་ཐུབ་ཀྱི་མེད་པས་གྲོང་ཁྱེར་དེའི་མི་མང་གི་བདེ་ཐང་ལ་ཡུན་རིང་གི་གནོད་འཚེ་འཕོག་སྲིད། དབྱིན་ཇིའི་ལི་ཌི་སློབ་གྲྭ་ཆེན་མོའི་དུག་རླངས་ཉམས་ཞིབ་པ་ཨ་ལི་སི་ཊར་ཧེ་ཞེས་པ་ཞིག་གིས་ཧོང་ཀོང་གི་ངོ་རྒོལ་བ་ཚོར་མཆི་འབྱིན་དུག་རླངས་ཧ་ཅང་ཚབས་ཆེན་ཞིག་ཕོག་པ་འདུག འདི་ནི་སྔོན་ཆད་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་རེད་ཅེས་བཤད།

ཧོང་ཀོང་གི་ཉེན་རྟོག་པས་མི་མང་འདུ་འཛོམས་བྱ་ཡུལ་དང་སྨན་ཁང་གི་ཉེ་འཁོར། ཚོང་ཁང་ཆེན་པོ་དང་སློབ་གྲྭ་སོགས་ཀྱི་ཉེ་འཁོར་དུའང་མཆི་འབྱིན་དུག་རླངས་གཏོར། དེས་ན་མི་མང་ངོ་རྒོལ་བ་གཅིག་པུ་མིན་པར་བྱིས་པ་དང་རྒན་རྒོན། ནད་པ་དང་མི་མང་དཀྱུས་མ་བཅས་ལ་མཆི་འབྱིན་དུག་རླངས་ཕོག མི་ཁག་ཅིག་གིས་མཆི་འབྱིན་དུག་རླངས་རྣམས་སྣུམ་ནག་གི་གཞུང་ལམ་དང་རྩིག་གྱང་། ཚ་གློག་དང་གྲང་གློག་ཡོང་སའི་ལྕགས་སྦུག་ནང་དུ་ཐིམ་ནས་དུས་ཡུན་རིང་པོ་མེད་པར་འགྲོ་མི་ཐུབ་པའི་དོགས་པ་བྱེད་ཀྱི་ཡོད་པས་སློབ་གྲྭ་ཁག་དང་ཕ་མ། ཧོང་ཀོང་གི་སྤྱི་དམངས་ཚོགས་སྡེ་ཁག་གིས་མཆི་འབྱིན་དུག་རླངས་དེའི་རྒྱུ་ཆ་ཅི་ཞིག་ཡིན་མིན་གསལ་བཤད་བྱ་དགོས་ཞེས་གནོན་ཤུགས་སྤྲོད་ཀྱི་ཡོད། འོན་ཀྱང་ཧོང་ཀོང་གི་ཉེན་རྟོག་པ་ཚོས་མཆི་འབྱིན་དུག་རླངས་གཏོར་པ་རྣམས་དུག་སེལ་དང་གཙང་སྦྲ་བྱེད་ཀྱི་མེད་པར་མ་ཟད། ཧོང་ཀོང་གི་མཆི་འབྱིན་དུག་རླངས་མང་པོ་ཞིག་ཨ་མི་རི་ཀ་ནས་ནང་འདྲེན་བྱས་ཡོད་པས་མཆི་འབྱིན་དུག་རླངས་ཀྱི་རྒྱུ་ཆ་རྣམས་ཅི་ཞིག་ཡིན་པ་བཤད་དཀའ་བ་ཞིག་ཏུ་གྱུར། ཧོང་ཀོང་གཞུང་གིས་མཆི་འབྱིན་དུག་རླངས་ལ་ཉེན་ཀ་ཡོད་མེད་འགྲེལ་བཤད་རྒྱག་ཐུབ་ཀྱི་མེད་པས་ཕ་མ་ཁག་ཅིག་གིས་རང་གི་བུ་ཕྲུག་རྣམས་སློབ་གྲྭར་གཏོང་གི་མེད་པའམ། ཡང་ན་བུ་ཕྲུག་རྣམས་ཕྱི་སོགས་སུ་སྤྱི་གླིང་ཁག་ཏུ་འཁྲིད་རྒྱུ་མཚམས་བཞག་འདུག

དེང་སྐབས་ཧོང་ཀོང་བ་ཚོས་བུལ་ཆུའི་ནང་དུ་གཟུགས་པོ་དང་གྱོན་གོས་བཀྲུ་བ། ཧོང་ཀོང་གི་ངོ་རྒོལ་བ་ཚོས་བཀོལ་སྤྱོད་བཏང་ཟིན་པའི་ཁྲུས་ཁང་དང་གསང་སྤྱོད་སོགས་ཀྱི་ལྕགས་སྦུག་རྣམས་ཀྱང་བུལ་ཆུས་བཀྲུས་ནས་དུག་སེལ་བྱེད་ཀྱི་ཡོད་པ་དང་། ཟ་ཁང་ཁག་ཏུ་རྫས་སྦྱོར་བ་ཚོས་མཆི་འབྱིན་དུག་རླངས་ཕོག་པའི་ངོ་རྒོལ་བ་ཚོར་སྟོབས་སྐྱེད་སྨན་ཆུ་དང་ནད་འགོག་རིལ་བུ། དུག་སེལ་གྱི་སྨན་རྣམས་སྡེབ་སྦྱོར་བྱས་ནས་སྨན་བཅོས་བྱེད་ཀྱི་ཡོད་པ་སྟེ། ནད་པ་ཚོར་ཉི་མ་བཅུའི་རིང་ལ་ཆང་རག་འཐུང་རྒྱུ་དང་ཐ་མག་འཐེན་རྒྱུར་འཛེམ་ཟོན་བྱ་དགོས་ཞེས་ཟས་སྤྱོད་བསྟེན་སྟངས་བསླབས། ཧོང་ཀོང་གི་ངོ་རྒོལ་ལ་ཞུགས་པའི་ལས་འགུལ་བ་མང་པོ་ཞིག་སྨན་ཁང་ལ་སྨན་བཅོས་བྱེད་དུ་འགྲོ་ཕོད་ཀྱི་མེད་པ་རེད། ཁོ་ཚོར་དང་བླངས་སྨན་པ་དང་སྨན་ཞབས་པ། སྤྱི་ཚོགས་ཞབས་ཞུ་བ་ཚོས་ལྟ་རྟོག་བྱ་དགོས་བྱུང་ཞིང་། ཁ་སྔོན་ཕྱི་ཟླ་༨་པར་ཧོང་ཀོང་གི་སྨན་པ་༡༧༠་ཐམ་པའི་ཚོགས་པ་ཞིག་གིས་མཆི་འབྱིན་དུག་རླངས་ཤུགས་ཆེན་ཕོག་པའི་ངོ་རྒོལ་བ་ཚོར་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བ་ལྟར་ན་མི་མང་ངོ་རྒོལ་བ་ཚོར་དབུགས་གཏོང་ལེན་མི་ཐུབ་པ་དང་གློ་རྒྱག་པ། ལུད་པའི་ནང་དུ་ཁྲག་འདྲེས་པ་དང་སྐྱི་ལྤགས་ལ་ཟ་འཕྲུག་ལངས་པ། སྐྱུག་མེར་ལངས་པ་དང་གྲོད་ཁོག་བཤལ་བ། ཧོང་ཀོང་བ་ཁག་ཅིག་གིས་མཆི་འབྱིན་དུག་རླངས་ཀྱིས་མི་ལ་སྐྲན་ནད་འཕོག་ཏུ་འཇུག་སྲིད་ཅེས་དོགས་སློང་བྱེད་ཀྱི་ཡོད་པ་རེད།

ལོ་ན་༡༧་ལ་སོན་པའི་དང་བླངས་པ་ཞིག་གིས་ང་ཕྱི་ཟླ་༦་པ་ནས་ངོ་རྒོལ་ལས་འགུལ་ཁག་ལ་མཉམ་ཞུགས་བྱས་པ་ཡིན། ང་ལ་མཆི་འབྱིན་དུག་རླངས་ཕོག་ན་སྐབས་འགར་གྲོད་ཁོག་ལ་ན་ཟུག་ལྡང་བ་དང་མཚམས་རེར་སྐྱུག་མེར་ལངས་པ། ཉི་མ་མང་པོར་ལུས་ལ་དམར་ཐིག་ཕོག་གི་འདུག ཐེངས་གཅིག་ང་ལ་མཆི་འབྱིན་དུག་རླངས་ཕོག་ནས་དབུགས་འགགས་སོང་། ངས་རང་ཉིད་དབུགས་འགགས་ནས་འཆི་རྒྱུ་བསམས་བྱུང་ཞེས་བཤད། ན་གཞོན་མ་ཞིག་གིས་ཧོང་ཀོང་གི་སྲང་ལམ་ཁག་ཏུ་མཆི་འབྱིན་དུག་རླངས་ནི་དུད་སྤྲིན་བཞིན་དུ་གནམ་ལ་འཕྱུར་ཡོང་གི་འདུག ཁང་པའི་སྒོ་དང་སྒེའུ་བརྒྱབ་ནས་བསྡད་ཀྱང་མཆི་འབྱིན་དུག་རླངས་ཀྱི་དྲི་ངན་ལ་བཟོད་ཐབས་བྲལ། ཡིན་ནའང་ང་ངོ་རྒོལ་ལས་འགུལ་ལ་མཉམ་ཞུགས་བྱ་རྒྱུའི་སྙིང་སྟོབས་བསྐྱེད་ཐུབ་མ་སོང་། དེར་བརྟེན་ངས་ལས་འགུལ་བ་ནད་པ་ཚོར་སྨན་བཅོས་ཀྱི་སྲི་ཞུ་བསྒྲུབས་ནས་ངོ་རྒོལ་ལ་མཉམ་ཞུགས་བྱས་མ་ཐུབ་པར་གྱོང་གསབ་བྱེད་ཀྱི་ཡོད་ཅེས་བཤད་འདུག ཧོང་ཀོང་གི་ཟ་ཁང་ཁག་ཏུ་སྦྱོར་རྟ་བྱས་པའི་དུག་སེལ་སྨན་དེས་ཕན་ཐོགས་ཅི་ཙམ་འབྱུང་གི་ཡོད་མེད་ཚན་རིག་གི་ལམ་ནས་བརྟག་དཔྱད་བྱེད་ཐུབ་མེད་ཀྱང་ནད་པ་ཁག་ཅིག་ལ་ཟ་ཁང་གི་ཐབ་ཚང་ཁག་ཏུ་སྦྱོར་རྟ་བྱས་པའི་སྨན་གྱིས་ཕན་ཐོགས་འདུག་ཅེས་བཤད་ཀྱི་ཡོད་པ་རེད།།

XS
SM
MD
LG