ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༢/༠༥/༡༨

བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་འདས་གྲོངས།


༄༅།། བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ཕྱི་ཟླ་༢་པའི་ཚེས་ ༢༡་ཉིན་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་༥་དང་ཕྱེ་ཀ་ཡས་མས་སུ་འདས་གྲོངས་སུ་གྱུར་འདུག་ཅེས་བོད་ཀྱི་དགུ་ཅུ་སུམ་ལས་འགུལ་ཚོགས་པའི་ཚོགས་གཙོ་ཟུར་དང་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་གྱིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱུང་ཞིང་། ཆབ་སྲིད་བཙོན་ཟུར་ངག་དབང་རྒྱལ་མཚན་ནི་སྟོད་ལུང་བདེ་ཆེན་རྫོང་། བདེ་ཆེན་ཡུལ་ཚོའི་གྲོང་ཚོ་སྲོང་ར་བར་སྐྱེས་ཤིང་། ༡༩༨༤་ལོར་འབྲས་སྤུང་དགོན་པར་ཆོས་ཞུགས་གནང་སྟེ་༡༩༨༧་ལོའི་ཕྱི་ཟླ་༩་པའི་ཚེས་༢༧་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འཐབ་གྲོགས་༢༡་དང་ལྷན་དུ་བོད་རང་བཙན་དགོས་ཞེས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་ཐེངས་དང་པོའི་ལས་འགུལ་ལ་ཞུགས། ༡༩༨༩་ལོའི་ཕྱི་ཟླ་༥་པའི་ཚེས་ཤར་ལ་བོད་ནང་ཛ་དྲག་བྱུང་སྟེ་རྒྱ་གར་ལ་བྲོས་བྱོལ་དུ་ཕེབས་ཀྱང་བལ་བོད་ཀྱི་ས་མཚམས་འགྲམ་དུ་རྒྱ་གཞུང་གིས་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་ངག་དབང་འོད་འབར་གྱིས་བརྗོད་དོན་ལྟར་ན། དམ་པ་དེར་རྒྱ་ནག་གཞུང་གིས་ས་བྱིའི་ངོ་རྒོལ་དྲིལ་བསྒྲགས་དང་ངན་སྐུལ་བྱས་པའི་ཉེས་པ། གསང་ཉུལ་གྱི་ཉེས་པ་དང་རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པའི་ཉེས་པ། རྒྱལ་མཚམས་བརྒལ་བའི་ཉེས་པ་སོགས་ནག་ཉེས་སྣ་ཚོགས་ཤིག་བཙུགས་ནས་ལོ་༡༧་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པར་མ་ཟད། ཆབ་སྲིད་ཀྱི་ཁེ་དབང་ལོ་༥་ལ་འཕྲོག་སྟེ་༢༠༠༥་ལོར་བཙོན་གྲོལ་ཐོབ་ཡོད་པ་བཅས་ཀྱི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

གཞན་ཡང་ཚོགས་གཞོན་ཟླ་བ་ཚེ་རིང་ལགས་ཀྱིས་ཕྱི་རྒྱལ་དུ་བཞུགས་པའི་དམ་པ་ཁོང་གི་འཐབ་གྲོགས་ཚོས་མཆོད་འབུལ་དང་འབྲེལ་བའི་ཐད་ཐུག་ཁུར་གནང་གི་ཡོད་པ་གསུང་གནང་བ་དང་འབྲེལ་ད་ལྟའི་ཆར་རྒྱ་ནག་གཞུང་གིས་དམ་དྲག་འོག་བོད་ནང་གི་ཆབ་སྲིད་བཙོན་པའི་གནས་སྟངས་གང་འདྲ་ཡོད་མེད་གསལ་པོ་ཤེས་རྟོགས་མེད་ན་ཡང་། སོ་སོ་མྱོང་བ་ལ་བལྟས་ན་བོད་ནང་གི་ཆབ་སྲིད་བཙོན་པའམ་བཙོན་ཟུར་རྣམས་ལ་འགྲོ་འདུག་སྤྱོད་གསུམ་ལ་དཀའ་ངལ་ཆེན་པོ་ཡོད་པ་འགྲེལ་བརྗོད་གནང་གི་འདུག

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG