ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ད་ལོའི་འཁྲུངས་སྐར་དུས་སུ་གསེར་རྟའི་དགོན་སྡེ་ཁག་ལ་དམ་དྲག


༄༅།། ད་ལོའི་འཁྲུངས་སྐར་དུས་སུ་གསེར་རྟ་རྫོང་དུ་བོད་པ་བཞི་འཛིན་བཟུང་བྱས་འདུག་ཅེས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་གསར་འགོད་པར་ས་གནས་ཀྱི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་འདུག ཁོང་གིས་ཟླ་བ་འདིའི་ཕྱི་ཚེས་༣་ཉིན་གསེར་རྟ་རྫོང་གི་ཟླར་ཚང་ཡུལ་ཚོའི་བྱང་ཆུབ་དགེ་འཕེལ་གླིང་དགོན་པར་སྡེ་པའི་སྤྱི་རིམ་ཚོགས་པའི་སྐབས་སུ་རྒྱ་གཞུང་གི་དམག་མི་བསླེབས་ནས་དགོན་པའི་ནང་དུ་སྔོག་བཤེར་གྱིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཆུང་ཆུང་ཞིག་སྤས་ཡོད་པ་རྙེད་མ་ཐག་ཏུ་དགོན་པའི་སྤྱི་རིམ་མཚམས་འཇོག་བྱེད་དུ་བཅུག་ཅིང་། ཕྱི་ཚེས་༤་ཉིན་དགོན་པའི་དགེ་འདུན་པ་ཁ་ཤས་དང་རྒྱལ་ཤུལ་སྡེ་པའི་གཞི་རིམ་ལས་བྱེད་པ་རྣམས་ཉེན་རྟོག་ཁང་དུ་འབོད་འགུགས་ཀྱིས་ཉིན་གཅིག་ལ་རྒྱ་ནག་དམར་ཤོག་ཚོགས་པར་དགའ་ཞེན་བྱ་དགོས་པའི་སློབ་གསོ་སྤྲད། ད་དུང་སྐུ་པར་གྱི་ཡོངས་ཁུངས་དང་ཞབས་རིམ་དེ་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་ཡིན་མིན་རྩད་གཅོད། ཞབས་རིམ་བཀོད་སྒྲིག་པ་སུ་ཡིན་སོགས་འདྲི་གཅོད་བྱས་འདུག མཐའ་མཇུག་གཞི་རིམ་ལས་བྱེད་པ་ཚོར་སློབ་གསོ་སྤྲད་པ་དང་དགོན་པའི་དགེ་འདུན་པ་ཚོར་ཁྲིམས་འགལ་མི་བྱེད་པའི་ཁས་ལེན་ཡི་གེ་ཞིག་འབྲི་རུ་བཅུག་སྟེ་གློད་གྲོལ་བཏང་སོང་། ཕྱི་ཚེས་༣་ཉིན་ས་གནས་དེའི་བོད་པ་ཞིག་འཛིན་བཟུང་བྱས་ཏེ་ཉེན་རྟོག་ཁང་དུ་འདྲི་རྩད་བྱས་ནས་ཆུ་ཚོད་བཅོ་ལྔ་ཡས་མས་ཤིག་གི་རྗེས་སུ་གློད་གྲོལ་བཏང་སོང་ཞེས་བཤད་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ན། ཟླ་བ་འདིར་རྒྱ་གཞུང་གི་ཆོག་མཆན་མེད་པར་དགོན་གྲོང་གཉིས་སུ་ཆོས་ལུགས་ཀྱི་བྱེད་སྒོ་གང་ཡང་སྤེལ་ཆོག་གི་མི་འདུག བོད་པ་ཚོས་ཟླ་བ་འདིར་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བ་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་འཁྲུངས་སྐར་གཉིས་ཁེལ་གྱི་ཡོད་པས་ཞི་འཇམ་ལྷོད་ཡངས་སུ་གནས་དགོས་པའི་དམ་དྲག་བྱེད་ཀྱི་ཡོད་པ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན། ཕྱི་ཟླ་༧་པའི་ཚེས་༡་ཉིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་སུ་བོད་ཀྱི་རྒྱལ་ས་ལྷ་སར་དམག་མི་ཕོན་ཆེན་འགྲེམ་འཇོག ཟ་ཁང་དང་ཚོང་ཁང་། བོད་པ་ཚོས་གཞུང་གི་བརྙན་འཕྲིན་དྲྭ་བ་འབའ་ཞིག་ལ་ལྟ་ཉན་བྱ་དགོས་ཞེས་ཚོང་ལས་མཚམས་འཇོག་བྱེད་དུ་བཅུག་པའི་བཀའ་རྒྱའི་ཡི་གེ་ཞིག་གསར་འགོད་པར་འཕྲོད། གཞན་ཡང་རྔ་བ་དང་སེར་ཤུལ་ཕྱོགས་ཀྱི་དགོན་སྡེའི་ཁག་ཏུ་ཆོས་ལུགས་ཀྱི་བྱེད་སྒོ་ཁག་བཀག་སྡིམ། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གི་དམར་ཤོག་ཚོགས་པའི་དུས་ཆེན་གྱི་མཛད་སྒོའི་ཐོག་ཏུ་གཏམ་བཤད་བྱས་པར་ལྟ་ཉན་བྱེད་དགོས་པ། བླ་གྲྭ་ཡོངས་ཀྱིས་གཏམ་བཤད་ཀྱི་ནང་དོན་རྣམས་ལག་ལེན་བསྟར་གྱི་ཡོད་མེད་ལ་རྟོག་ཞིབ་པ་བཞག་འདུག་ཅེས་བཤད། ཟླ་བ་འདིར་བོད་ས་ཕལ་མོ་ཆེར་བོད་པ་ཚོའི་འགྲོ་སྐྱོད་ལ་ཞིབ་བཤེར་དང་བཀག་སྡོམ་ནན་མོ་བྱས་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG