ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གི་སྨན་ཁབ་ལ་ཕན་ནུས་མེད་པ་གཞུང་གིས་ངོས་ལེན།


༄༅།། རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གི་འགན་འཛིན་གའོ་ཧྥུས་གཟའ་སྤེན་པའི་ཉིན་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲེང་ཏུའུ་གྲོང་ཁྱེར་དུ་ཚོགས་པའི་རྒྱལ་ཡོངས་འཕྲོད་བསྟེན་དང་སྨན་ཁབ་ཀྱི་ལྷན་ཚོགས་ཐོག་ཏུ་གཏམ་བཤད་བྱས་པ་ལྟར་ན། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཁག་ལ་ཕན་ནུས་ཆེན་པོ་ཞིག་མི་འདུག རྒྱ་ནག་གི་འཕྲོད་བསྟེན་ལས་སྣེ་ཚོས་ནད་དུག་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་བར་སྨན་ཁབ་མ་འདྲ་བ་རྣམས་མཉམ་བསྲེས་བྱ་དགོས་པའི་བསམ་ཞིབ་བྱེད་བཞིན་ཡོད། རྒྱ་ནག་ལ་ཐབས་ཇུས་གཉིས་ཡོད་པ་ནི་སྨན་ཐུན་མང་དུ་གཏོང་རྒྱུ་དང་བཟོ་སྦྱོར་ཟིན་པའི་སྨན་ཁབ་མ་འདྲ་བ་རྣམས་མཉམ་བསྲེས་བྱ་དགོས་པ་དེ་རེད། ང་ཚོའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་རྣམས་ཚད་ལྡན་ཞིག་འཁྱོངས་མེད་པ་ནུས་པ་ཆེ་རུ་གཏོང་དགོས་ཀྱི་འདུག་ཅེས་བཤད། གའོ་ཧྥུའི་གཏམ་བཤད་འདི་ཟླ་བ་མང་པོའི་གོང་ནས་རྒྱ་ནག་མི་དམངས་ལ་རང་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་དེ་ཚོར་ནུས་པ་མེད་པ་དང་ཟུར་གནོད་ཆེ་བ། རྒྱ་ནག་གི་སྨན་ཁབ་དེ་རྣམས་ཚོད་ལྟ་རིམ་པ་གསུམ་བརྒྱུད་ནས་བརྟག་དཔྱད་ཚད་ལྡན་ཞིག་བྱུང་མེད་པའི་དོགས་པ་ཡོད་པ་ར་འཕྲོད།།

རྒྱ་ནག་གཞུང་གིས་རང་གི་སྨན་ཁབ་དེ་རྣམས་ཏུར་ཀི་དང་ཨིན་རྡུ་ནེ་ཤི་ཡ། ཨ་ཧྥི་རི་ཀའི་རྒྱལ་ཁབ་ཛིམ་བྷ་ཝེ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། མེཀ་སི་ཀོ་སོགས་རྒྱལ་ཁབ་མང་དག་ཅིག་ལ་ཕྱིར་ཚོང་བྱས་ཡོད་པར་མ་ཟད། ཟླ་བ་སྔོན་མར་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་ནག་གི་སྨན་ཁབ་རྣམས་རྒྱལ་ཁབ་༦༠་ལྷག་གིས་རྒྱག་ཆོག་པའི་ཆོག་མཆན་བཀོད་སོང་ཞེས་སྤོབས་གཏམ་བཤད། ཕྱི་ཟླ་༤་པའི་ཚེས་༡༢་ཉིན་མཉམ་འབྲེལ་གསར་ཁང་དང་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་སྨན་ཁབ་དེ་ཚོར་ཐོག་མ་ནས་ན་ཚ་འགོག་ཐུབ་པའི་ནུས་པ་ཆུང་བ་ཡོད་ཅིང་། ད་ལྟ་རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གི་འགན་འཛིན་གྱིས་སྨན་ཁབ་དེ་ཚོར་ཕན་ནུས་ཆུང་བ་ངོས་ལེན་བྱས་ཡོད་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་བཀྲམ་ནས་ཕྱི་འབྲེལ་རྒྱ་སྐྱེད་གཏོང་གི་ཡོད་པ་འགྲུབ་ཐུབ་རྒྱུ་ཁག་པོ་ཡིན་ཤས་ཆེ། རྒྱ་ནག་གི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཕལ་ཆེ་བ་སྨན་སྦྱོར་བཟོ་ཚོང་ཁང་གཉིས་ཀྱིས་བཟོ་སྦྱོར་བྱས་ཤིང་། སྨན་སྦྱོར་བཟོ་ཚོང་ཁང་དེ་དག་གིས་རང་གི་སྨན་ཁབ་དེ་ཚོར་དོན་དངོས་སུ་ན་ཚ་སྔོན་འགོག་གི་ནུས་པ་ཅི་ཙམ་ཡོད་མེད་དང་མི་ལ་ཕན་གནོད་ཅི་ཞིག་འབྱུང་གི་ཡོད་མེད་ཀྱི་གཞི་གྲངས་རྣམས་གཏན་ནས་ཕྱིར་བསྒྲགས་བྱས་མེད་པ་སྟེ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་ལ་ཚོད་ལྟ་བྱས་པའི་སྐབས་སུ་རྒྱ་ནག་གི་སྨན་ཁབ་དེ་ཚོར་ཕན་ནུས་བརྒྱ་ཆ་༥༠་དང་གྲངས་ཆུང་༤་ཐོན། ཏུར་ཀི་རྒྱལ་ཁབ་ལ་ཚོད་ལྟ་བྱས་པའི་སྐབས་སུ་ཕན་ནུས་བརྒྱ་ཆ་༨༣་དང་གྲངས་ཆུང་༣་ཐོན་སོང་ཟེར། རྒྱ་ནག་གི་སྨན་ཁབ་བཟོ་སྦྱོར་ཁང་དེ་དག་གིས་རང་རང་གི་སྨན་ཁབ་དེ་ཚོར་ཕན་ནུས་བརྒྱ་ཆ་༧༢་དང་གྲངས་ཉུང་༥་ཡོད་ཟེར། ཨ་རི་དང་འཇར་མན་ཎི་གཉིས་ཀྱིས་མཉམ་དུ་བཟོས་པའི་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ལ་ཕན་ནུས་པ་བརྒྱ་ཆ་༩༧་ཡོད་པ། ཨ་རིའི་མོ་ཌེར་ན་སྨན་སྦྱོར་བཟོ་ཚོང་ཁང་གི་འགོག་ཁབ་ལ་ཕན་ནུས་པ་བརྒྱ་ཆ་༩༤་ཡོད་པར་བསྡུར་ན་རྒྱ་ནག་གི་སྨན་ཁབ་དེ་ཚོར་ཕན་ནུས་ཆེན་པོ་ཞིག་མེད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་སྨན་ཁབ་དེ་རྣམས་རྒྱག་ཡུལ་གཙོ་བོ་ཞིག་དཀྱིལ་ཤར་ས་ཁུལ་གྱི་ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ་ཡིན་ཞིང་། རྒྱལ་ཁབ་དེའི་ནད་པ་ཚོར་རྒྱ་ནག་གི་འགོག་ཁབ་དེ་རྣམས་ཐེངས་གཉིས་རེ་བརྒྱབ་ཀྱང་ཕན་ཐོགས་མ་བྱུང་བར་སྨན་ཐུན་གསུམ་པ་རྒྱག་འགོ་ཚུགས། རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གི་འགན་འཛིན་གའོ་ཧྥུའི་གཏམ་བཤད་ཀྱིས་སྲིད་གཞུང་གིས་མི་དམངས་ལ་འགོག་ཁབ་རྒྱག་ཐབས་བྱེད་བཞིན་པར་འགོག་རྐྱེན་སློང་སྲིད། བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་ཕྱི་ཟླ་༦་པའི་ཟླ་མཇུག་བར་དུ་རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤་ཡོད་པ་དེའི་མི་འབོར་བརྒྱ་ཆ་༤༠་ཐམ་པར་འགོག་ཁབ་རྒྱག་ཐུབ་པ་བྱ་རྒྱུའི་དམིགས་ཚད་བཟུང་ཡོད་ཅེས་གསལ་བསྒྲགས་སྤེལ། ཨ་རིའི་ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་མཐོ་རིམ་ཉམས་ཞིབ་པ་ཧྭང་ཡན་ཀྲུང་གིས་རྒྱ་ནག་གཞུང་གིས་རང་གི་སྨན་ཁབ་དེ་བདེ་འཇགས་ཡིན། སྨན་ཁབ་དེ་ཚོར་ན་ཚ་འགོག་ཐུབ་པའི་ནུས་པ་ཆེན་པོ་ཡོད་ཅེས་བསྒྲགས་པ་རེད། ད་ལྟ་རྒྱ་ནག་གི་ནད་རིགས་བཀག་སྡོམ་དང་སྔོན་འགོག་ཁང་གི་འགན་འཛིན་གའོ་ཧྥུས་སྨན་ཁབ་དེ་ཚོར་ནུས་པ་ཆུང་བ་ངོས་ལེན་བྱས་པར་ང་ཧང་སོང་ཞེས་གཏམ་བཤད་རྣམས་ཊོས་ཊར་དྲྭ་ལམ་དུ་བཀྲམ། གའོ་ཧྥུའི་གཏམ་བཤད་ལ་རྒྱ་ནག་ནང་ཁུལ་དང་རྒྱལ་སྤྱིའི་ཐོག་ཏུ་དོ་སྣང་ཆེན་པོ་བྱུང་། ལྷག་པར་དུ་རྒྱ་ནག་གི་དྲྭ་ལམ་ཁག་ཏུ་སྨན་ཁབ་དེ་ཚོར་ནུས་པ་མེད་པར་གླེང་སློང་ཤུགས་ཆེན་བྱུང་སྟེ་རྒྱ་ནག་གཞུང་གིས་འཕྲལ་དུ་དྲྭ་ལམ་དུ་ཐོན་པའི་གནས་ཚུལ་རྣམས་ནག་སུབ། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་གའོ་ཧྥུ་ལ་བཅར་འདྲི་ཞུས་ནས་གཟའ་སྤེན་པའི་གཏམ་བཤད་ཀྱི་ནང་དོན་རྣམས་ཕྱིར་འཐེན་བྱེད་དུ་བཅུག་འདུག

རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་གའོ་ཧྥུ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། གའོ་ཧྥུས་ངས་རྒྱ་ནག་གི་སྨན་ཁབ་དེ་ཚོར་ན་ཚ་འགོག་ཐུབ་པའི་ནུས་པ་ཆུང་ཆུང་རེད་ཅེས་ངོས་ལེན་བྱས་པ་རེད་ཟེར་བའི་གནས་ཚུལ་ཞིག་ཁྱབ་ཀྱི་ཡོད་པ་ནི་གཏམ་བཤད་དེར་མཐའ་གཅིག་ཏུ་གོ་ལོག་ཐེབས་པའི་རྟགས་མཚན་རེད། ངས་སྐབས་འགར་རྒྱ་ནག་གི་སྨན་ཁབ་དེ་ཚོར་ཕན་ནུས་ཆེན་པོ་འཐོན་གྱི་ཡོད་པ་དང་སྐབས་འགར་ཕན་ནུས་ཆུང་ཆུང་རེད། ང་ཚོས་རྒྱ་ནག་གི་སྨན་ཁབ་དེ་དག་གི་ཕན་ནུས་ཆེ་རུ་ཇི་ལྟར་གཏོང་དགོས་ཀྱི་འདུག་ཅེས་འཛམ་གླིང་གི་ཚན་རིག་པ་ཚོར་དྲིས་པ་ཡིན་ཞེས་བཤད་ལུགས་ཀྱི་གནས་ཚུལ་སྤེལ། ཨ་རིའི་ཕྱི་འབྲེལ་སློབ་སྟོན་ལྷན་ཚོགས་ཀྱི་མཐོ་རིམ་ཉམས་ཞིབ་པ་ཧྭང་ཡན་ཀྲུང་གིས་རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་གྱིས་གའོ་ཧྥུ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བར་ཡིད་རྟོན་བྱེད་ཐུབ་རྒྱུ་ཁག་པོ་རེད། རྒྱ་ནག་གི་འགོ་ཁྲིད་ཚོས་གཞུང་འབྲེལ་གྱི་འགྲེལ་བཤད་རྒྱག་སྟངས་ཤིག་གཏན་འབེབས་བྱས་པ་དེ་ལ་སུ་གཅིག་ཀྱང་འགལ་མི་ཆོག གའོ་ཧྥུའི་གཏམ་བཤད་ནི་མཚམས་རེར་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཚོས་ཁ་ནས་དོན་དག་ངོ་མ་རྣམས་འཐོན་གྱི་ཡོད་པའི་གྲས་ཤིག་རེད་ཅེས་བཤད། རྒྱ་ནག་སྨན་ཁབ་བཟོ་སྦྱོར་ཁང་གི་མགྲིན་ཚབ་པ་ལིའུ་པེ་ཁྲེང་གིས་རང་གི་བཟོ་ཚོང་ཁང་དེའི་སྨན་ཁབ་ལ་ཕན་ནུས་ཆེ་ཆུང་གཉིས་ཀ་འཐོན་གྱི་འདུག དེ་ནི་མིའི་ལོ་ཚད་རྒན་གཞོན་སོགས་རྒྱུ་རྐྱེན་སྣ་མང་ཞིག་ལ་བརྟེན་ནས་འབྱུང་གི་འདུག་ཅེས་བཀྲལ། འོན་ཀྱང་ཨ་མི་རི་ཀ་དང་དབྱིན་ཇི། རྒྱ་གར་བཅས་ཀྱིས་བཟོས་པའི་སྨན་ཁབ་དེ་རྣམས་མི་ཁག་ཅིག་ལ་འཕྲོད་མ་འཕྲོད་ཀྱི་གནས་ཚུལ་འབྱུང་གི་ཡོད་ཀྱང་མིའི་ལོ་ཚད་རྒན་གཞོན་ལ་བརྟེན་ནས་ཕན་ནུས་ཀྱི་ཁྱད་པར་འབྱུང་གི་ཡོད་པའི་གནས་ཚུལ་དེ་ཙམ་ཐོན་གྱི་མེད་པ་རེད། གའོ་ཧྥུས་ཨ་མི་རི་ཀ་དང་ཡུ་རོབ་རྒྱལ་ཁབ་ཁག་གི་སྨན་ཁབ་བཟོ་སྟངས་ལ་རྒྱ་ནག་གིས་མིག་དཔེ་བལྟས་ནས་ཞིབ་འཇུག་བྱ་རྒྱུའི་བརྡ་ཞིག་བཏང་འདུག དབྱིན་ཇིའི་ཨ་སི་ཊ་ར་ཛེ་ན་ཁ་སྨན་སྦྱོར་བཟོ་ཚོང་ཁང་གིས་ཀྱང་རང་གི་སྨན་ཁབ་དེ་ཧྥེ་ཛར་སྨན་སྦྱོར་བཟོ་ཚོང་ཁང་གི་སྨན་ཁབ་ལ་མཉམ་བསྲེས་བྱ་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པ་རེད།།

མཉམ་འབྲེལ་གསར་ཁང་གིས་རྒྱ་ནག་གི་སྨན་ཁབ་དེ་ཚོར་ན་ཚ་འགོག་ཐུབ་པའི་ནུས་པ་ཆུང་བ་གཞུང་འབྲེལ་གྱིས་ངོས་ལེན་བྱས་པ་གཏམ་བཟང་ཞིག་རེད། ཡིན་ནའང་དེ་ལས་ཉེན་ཁ་ཆེ་བ་ལ་རྒྱ་ནག་གི་སྨན་ཁབ་དུང་ཕྱུར་མང་པོ་འཛམ་གླིང་ཡོངས་ལ་འགྲེམ་སྤེལ་བྱས་ནས་ཏོག་དབྱིབས་ནད་དུག་འགོག་ཐབས་བྱེད་བཞིན་འདུག གལ་སྲིད་རྒྱ་ནག་གི་སྨན་ཁབ་བཀོལ་སྤྱོད་བྱེད་མཁན་རྒྱལ་ཁབ་དེ་ཚོར་ཨ་རི་དང་ཡུ་རོབ་ཀྱི་ཚད་ལྡན་སྨན་ཁབ་རྣམས་མ་ཐོབ་ན་འཛམ་གླིང་ཡོངས་ལ་ཁྱབ་ཡོད་པའི་ཏོག་དབྱིབས་ནད་དུག་འགོག་མི་ཐུབ། དེར་བརྟེན་ནད་ཡམས་འདི་གོ་ལའི་སྟེང་དུ་ཡུན་རིང་ཁྱབ་ནས་འདུག་རྒྱུ་རེད་ཅེས་བསྒྲགས། ད་ལོའི་ཕྱི་ཟླ་དང་པོའི་ནང་དུ་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་འགའ་ཞིག་གི་ནང་དུ་ཏོག་དབྱིབས་ནད་དུག་གི་སྨན་ཁབ་རྫུན་མ་བཟོས་ནས་ཚོང་འགྲེམ་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སྟེ་མི་༨༠་ཡས་མས་ཤིག་འཛིན་བཟུང་། སྨན་ཁབ་རྫུན་མ་བཟོ་སའི་བཟོ་གྲྭ་མང་དག་ཅིག་སྒོ་བརྒྱབ། རྒྱ་ནག་གི་སྨན་ཁབ་རྫུན་མ་དེ་དག་གི་ནང་དུ་ཚྭ་ཆུ་བླུགས་ཡོད་པ་རྣམས་ཨ་ཧྥི་རི་ཀའི་རྒྱལ་ཁབ་འགའ་ཞིག་ལ་སྐྱེལ་འདྲེན་ཟིན་པ། མཐར་རྒྱལ་ཁབ་༡༩༠་ལྷག་གི་སྒྲིག་འཛུགས་རྒྱལ་སྤྱིའི་ཉེན་རྟོག་སྒྲིག་འཛུགས་ཀྱིས་རྒྱ་ནག་གི་སྨན་ཁབ་རྫུན་མའི་ནག་ཚོང་བཀག་སྡོམ་གྱི་ལས་འགན་འཁུར་དགོས་བྱུང་ཞིང་། དེང་སྐབས་རྒྱ་ནག་གཞུང་གིས་སྨན་པ་དང་སྨན་ཁང་ཁག་གི་སྨན་ཞབས་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་སོགས་ལ་བཙན་གྱིས་འགོག་ཁབ་རྒྱག་ཏུ་འཇུག་གི་ཡོད་པ་དང་རིམ་བཞིན་མི་དམངས་ཀྱིས་ཀྱང་འགོག་ཁབ་རྒྱག་དགོས་ཞེས་བཀའ་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG