ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

བྷར་ཛིལ་དང་རྒྱ་གར་གཉིས་ནད་དུག་ཁྱབ་ཡུལ་སྡུག་ཤོས་སུ་གྱུར་པ། 


༄༅།། འདས་ལོ་གཅིག་ལྷག་གི་རིང་ལ་འཛམ་གླིང་འདིར་ཏོག་དབྱིབས་ནད་དུག་ཁྱབ་ནས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་དཀའ་ངལ་ཚབས་ཆེ་ཤོས་དེ་ཨ་མི་རི་ཀར་འཕྲད། སྲིད་འཛིན་བྷ་ཌན་གྱིས་སྲིད་དབང་བཟུང་བའི་རྗེས་སུ་ཨ་མི་རི་ཀ་བ་ཚོར་འགོག་ཁབ་རྒྱག་རྒྱུ་ཤུགས་ཆེ་རུ་བཏང་སྟེ་ཨ་རིའི་རྒྱལ་ཡོངས་སུ་ཏོག་དབྱིབས་ནད་དུག་གིས་མི་ལ་འཆི་སྐྱོན་དང་ནད་མནར་གྱི་དཀའ་ངལ་འཕྲད་རྒྱུ་ཉུང་དུ་སོང་། ད་ལྟ་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དང་ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་གཉིས་འཛམ་གླིང་གི་ཏོག་དབྱིབས་ནད་དུག་ཁྱབ་ཡུལ་ཚབས་ཆེ་ཤོས་གཉིས་སུ་གྱུར། གཟའ་མིག་དམར་གཅིག་པུར་བྷར་ཛིལ་གྱི་མི་༤༢༠༠་ལྷག་ལ་ཏོག་དབྱིབས་ནད་དུག་ཕོག་ནས་འཆི་སྐྱོན་བྱུང་། ཕྱི་ཟླ་༤་པའི་ཚེས་༨་གཅིག་པུར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༦༠༠༠་ལྷག་བྱུང་ཞིང་། སྲིད་བློན་མོ་དྷིར་སྨན་ཐུན་གཉིས་པའི་འགོག་ཁབ་བརྒྱབ། རྒྱ་གར་དང་བྷར་ཛིལ་གཉིས་ཀར་ཁྱབ་གདལ་འགྲོ་བཞིན་པ་ནི་ལྷོ་ཨ་ཧྥི་རི་ཀ་དང་དབྱིན་ཡུལ་གཉིས་ནས་བྱུང་བའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཡིན་ཞིང་། ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ནི་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ལས་ཀྱང་འགོ་སླ་བ་དང་ཁྱབ་གདལ་མྱུར་བའི་ནད་ཡམས་ཤིག་ཡིན་འདུག བྷར་ཛིལ་གྱི་གྲོང་ཁྱེར་ཆེ་ཤོས་སའོ་ཕཱ་ལོའི་དུར་ཁྲོད་དུ་ཉིན་ལྟར་ཉུང་མཐར་ཡང་ཏོག་དབྱིབས་ནད་དུག་ཕོག་ནས་གྲོངས་པའི་མི་༦༠༠་རེའི་དུར་ཁུང་བསྐོ་དགོས་ཐུག་གི་ཡོད་ཅིང་། ཁ་སང་ནས་བྷར་ཛིལ་གྱི་ས་གནས་ཁག་གི་སྨན་ཁང་དེ་དག་གི་ནང་དུ་ནད་པ་མ་ཤོང་བར་རྩེད་ཐང་སོགས་ལ་གུར་བརྒྱབ་ནས་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་ཚོར་སྨན་བཅོས་བྱེད་འགོ་ཚུགས།།

བྷར་ཛིལ་དུ་ཏོག་ནད་ཀྱིས་འཆི་བའི་འདས་པོ་དུས་སྦས་བྱེད་བཞིན་པ།
བྷར་ཛིལ་དུ་ཏོག་ནད་ཀྱིས་འཆི་བའི་འདས་པོ་དུས་སྦས་བྱེད་བཞིན་པ།

བྷར་ཛིལ་གྱི་འཕྲོད་བསྟེན་ལྷན་ཁང་གི་གཞི་གྲངས་ལྟར་ན། རྒྱལ་ཁབ་དེར་ཏོག་དབྱིབས་ནད་དུག་ཁྱབ་གདལ་བྱུང་ནས་བཟུང་། ད་ལྟའི་བར་དུ་མི་གྲངས་ས་ཡ་༡༣་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པ་དང་མི་༣༣༧༠༠༠་ལྷག་ལ་འཆི་སྐྱོན་བྱུང་ཞིང་། བྷར་ཛིལ་གྱི་མངའ་སྡེ་ཁག་དང་གྲོང་ཁྱེར་སྲིད་གཞུང་ཁག་གིས་འགྲོ་འོང་བཀག་སྡོམ་དང་ཚོང་ལས་མཚམས་འཇོག་བྱས་ནས་ནད་ཡམས་སྔོན་འགོག་བྱ་དགོས་པའི་གྲོས་གཞི་བཏོན། སྲིད་འཛིན་བྷོལ་སོ་ན་རོས་རྒྱལ་ཡོངས་ལ་འགྲོ་འོང་བཀག་སྡོམ་བྱ་རྒྱུ་དེར་མོས་མཐུན་བྱེད་ཀྱི་མེད་པ་སྟེ། ཁོང་གིས་ཧྥ་རན་སིའི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ང་ཚོས་མི་དམངས་རྣམས་རང་ཁྱིམ་དུ་བཀག་སྟེ་བྷར་ཛིལ་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱ་དགོས་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་རྒྱུ་མིན། བྷར་ཛིལ་གཞུང་གིས་སྲང་ལམ་ཁག་ཏུ་དམག་བཀྲམ་ནས་མི་དམངས་རྣམས་རང་ཁྱིམ་ལ་འཛུལ་དགོས་པའི་བཙན་ཁྲིམས་ཤིག་བཅའ་རྒྱུ་མིན་ཞེས་བཤད། སྔ་ལོ་སྲིད་འཛིན་བྷོལ་སོ་ན་རོར་ཏོག་དབྱིབས་ནད་དུག་འགོས་ཀྱང་འགྲོ་འོང་བཀག་སྡོམ་མི་བྱེད་པ་དང་ཚབས་ཆེའི་ནད་ཡམས་འདི་ཆམ་ནད་གཅིག་ལ་ངོས་འཛིན་བྱེད་པའི་ལྟ་བ་དེར་འགྱུར་བ་མ་ཐེབས། ན་ནིང་ལོ་མཇུག་དེར་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་ཐོན་པའི་རྗེས་སུ་རྒྱལ་ཁབ་ཚང་མས་ལག་སྔ་གང་མགྱོགས་ཀྱིས་སྨན་ཁབ་མངགས་ཉོ་བྱས་ཀྱང་བྷར་ཛིལ་གཞུང་གིས་དུས་ཐོག་ཏུ་སྨན་ཁབ་མངགས་ཉོ་མ་བྱས་པར་མི་དམངས་ལ་ནད་དུག་སྔོན་འགོག་གི་སྨན་ཁབ་འདང་ངེས་མེད་པའི་དཀའ་ངལ་འཕྲད། བྷར་ཛིལ་གྱི་གཞུང་འབྲེལ་མི་སྣ་ཚོས་ཟླ་ཤས་རྗེས་སུ་རྒྱལ་ཁབ་དེའི་རྒྱུན་ལྡན་གྱི་འཚོ་བ་སླར་གསོ་འབྱུང་ཐུབ་ཆེ་བསྒྲགས། འོན་ཀྱང་དེང་སྐབས་ཉིན་ལྟར་བྷར་ཛིལ་ལ་ཏོག་དབྱིབས་ནད་དུག་གིས་འཆི་སྐྱོན་དང་ནད་མནར་འབྱུང་གི་ཡོད་པའི་གྲངས་འབོར་ལ་བལྟས་ཚེ། བྷར་ཛིལ་རྒྱལ་ཁབ་ལ་རྒྱུན་ལྡན་འཚོ་བ་དང་ཚོང་ལས་སོགས་སླར་གསོ་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པའི་རྣམ་པ་ཞིག་ཐོན།།

རྒྱ་གར་དུ་ཏོག་ནས་བརྟག་དཔྱད་བྱེད་བཞིན་པ། ༢༠༢༡།༤།༧
རྒྱ་གར་དུ་ཏོག་ནས་བརྟག་དཔྱད་བྱེད་བཞིན་པ། ༢༠༢༡།༤།༧

དེང་སྐབས་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་པའི་སྟབས་ཀྱིས་ནེའུ་ཛི་ལན་ཌིའི་གཞུང་གིས་ཕྱི་ཟླ་༤་པའི་ཚེས་༡༡་ནས་རང་གི་སྤྱི་དམངས་ཚུད་པའི་རྒྱ་གར་གྱི་འགྲུལ་པ་རྣམས་ཡོང་མི་ཆོག་པའི་བཀག་སྡོམ་བྱས་འདུག འདས་པའི་ཆུ་ཚོད་༢༤་རིང་དེར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༢༦༠༠༠་ལྷག་བྱུང་བའི་གྲས་ཀྱི་ནད་པ་གསར་པ་༥༥༠༠༠་ཡས་མས་ཤིག་མ་ཧ་ར་ཤི་ཊི་ར་མངའ་སྡེ་གཅིག་པུར་བྱུང་འདུག ད་ལྟའི་བར་དུ་རྒྱ་གར་ལ་ནད་དུག་འགོས་པའི་ནད་པ་མི་གྲངས་ས་ཡ་༡༣་ལྷག་བྱུང་བ་དང་མི་༡༦༦༠༠༠་འཆི་སྐྱོན་བྱུང་། ཨ་མི་རི་ཀ་དང་བྷར་ཛིལ་གཉིས་ཀྱི་འཕྲོ་ནས་རྒྱ་གར་འཛམ་གླིང་གི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེས་མང་ཤོས་ཀྱི་རྒྱལ་ཁབ་ཨང་གསུམ་པར་གྱུར། རྒྱ་གར་ལ་མི་འབོར་དུང་ཕྱུར་༡༣་ཡོད་པ་དེའི་གྲས་སུ་ཁ་རས་གྱོན་རྒྱུར་སྣང་ཆུང་གཏོང་མཁན་ཇེ་མང་། མངའ་སྡེ་ཁག་གི་འོས་འདེམས་ཆེད་དུ་སྲིད་བློན་མོ་དྷི་གཙོས་རྒྱ་གར་གྱི་སྲིད་དོན་པ་ཚོས་མི་ཚོགས་བསྡུས་ནས་གཏམ་བཤད་བྱས་པ་དང་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་སྤེལ་བ། རྒྱ་གར་གྱི་ཆོས་ལུགས་དང་སྲོལ་རྒྱུན་དུས་ཆེན་ཁག་ཏུ་མི་ཚོགས་འདུས་ནས་ཏོག་དབྱིབས་ནད་དུག་ལ་འཛེམ་ཟོན་དང་སྤྱི་ཚོགས་རྒྱང་བཀྱེད་ཀྱི་ཁྲིམས་ལ་བརྩི་མེད་བཏང་སྟེ་ནད་དུག་བགོས། ན་ནིང་ལོ་མཇུག་དེར་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་རྒྱུ་འཇོམས་པའི་རྗེས་སུ་དབུས་གཞུང་དང་མངའ་སྡེ་ཁག་གི་འགོ་ཁྲིད་ཚོས་ཚབས་ཆེའི་འགོས་ནད་འདིར་སྣང་ཆུང་ཤོར། ཁོ་ཚོས་རྒྱ་གར་ལ་བསྐྱར་དུ་ཏོག་དབྱིབས་ནད་དུག་ཁྱབ་རྒྱུའི་སྔོན་དཔག་མ་ཐུབ་པར་འགྲོ་འོང་བཀག་སྡོམ་ཕྱིར་འཐེན་བྱས་པ་རེད་ཅེས་ཉམས་ཞིབ་པ་ཚོས་སྐྱོན་བརྗོད་བྱས་འདུག

ཨ་རིའི་མཱི་ཆི་གྷན་སློབ་གྲྭ་ཆེན་མོའི་ནད་ཡམས་སྔོན་འགོག་མཁས་པ་མུ་ཁར་ཇཱིས་བཤད་པ་ལྟར་ན། ད་ལོའི་ཕྱི་ཟླ་༢་པར་རྒྱ་གར་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༡༠༠༠༠་ཡས་མས་རེ་ལས་ཐོན་མེད། དེར་བརྟེན་ང་ཚོས་རྒྱ་གར་ལ་བསྐྱར་དུ་ནད་ཡམས་ཁྱབ་གདལ་འགྲོ་སྲིད་ཀྱང་ཚབས་ཆེན་འདི་འདྲ་ཞིག་ཁྱབ་རྒྱུའི་སྔོན་དཔག་བྱེད་ཐུབ་མ་སོང་། རྒྱ་གར་གྱི་ནད་ཡམས་ཁྱབ་གདལ་འདི་རྒྱལ་ཁབ་ཚང་མར་ཉམས་མྱོང་ཞིག་རེད། ང་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་སོང་ཞེས་དགའ་སྟོན་བྱ་རྒྱུ་སྔ་དྲགས་མི་ཉན། ཆོས་ལུགས་དང་ཆབ་སྲིད་ཀྱི་འདུ་འཛོམ་ཆེ་ཁག་རྣམས་ནད་དུག་ཁྱབ་གདལ་ཀྱི་འབྱུང་རྩ་ཞིག་རེད། ང་ཚོས་མི་ལ་ནད་མནར་དང་འཆི་སྐྱོན་འབྱུང་གི་ཡོད་པ་ངོས་ཟིན་དུས་ནད་དུག་ནི་སྤྱི་ཚོགས་ཧྲིལ་པོར་ཁྱབ་ཟིན་ཏེ་འཕྱི་དྲགས་པ་རེད་ཅེས་བཤད། རྒྱ་གར་གྱི་འཕྲོད་བསྟེན་བློན་ཆེན་གྱིས་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཆེན་པོ་འགྲོ་ཡུལ་མངའ་སྡེ་༡༡་གི་འགོ་ཁྲིད་ཚོར་ནད་ཡམས་སྔོན་འགོག་གི་སྤྱོད་པ་མ་བསྟེན་པའི་མཇུག་འབྲས་རེད། འོས་འདེམས་དང་ཆོས་ལུགས་ཀྱི་དུས་ཆེན། ལས་ཁུངས་ཁག་བསྐྱར་དུ་སྒོ་ཕྱེ་པ་དང་སྤྱི་དམངས་ཀྱི་འགྲིམ་འགྲུལ་འགོ་འཛུགས། མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ནང་དུ་འཚང་ཁ་ཆེ་བ། གཉེན་སྟོན་དང་སྐྱེས་སྟོན་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་མང་དྲགས་ཏེ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཐེངས་གཉིས་པ་བྱུང་བ་རེད་ཅེས་བཀའ་བཀྱོན་བཏང་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལས་སྣེ་ཟུར་པ་ས་ལུན་ཀེས་རྒྱ་གར་ལ་ནད་ཡམས་ཁྱབ་གདལ་འགྲོ་བཞིན་པའི་ལན་ཁག་གཙོ་བོ་ནི་སྲིད་དོན་ཚོགས་པ་ཁག་གི་འགོ་ཁྲིད་ཚོར་འདུག་ཅེས་སྐྱོན་འཛུགས་བྱས་ཡོད་པར་མ་ཟད། རྒྱ་གར་གྱི་སྲིད་དོན་པ་ཚོས་འོས་འདེམས་ལ་བསམ་བློ་བཏང་ནས་མི་གྲངས་ས་ཡ་མང་པོ་གནས་གཅིག་ཏུ་འདུས་པའི་ཉི་མ་༡༢་གྱི་ཀུམ་བྷུ་མེ་ལ་ཆོས་ལུགས་དུས་ཆེན་བཀག་མེད་པ་རེད།།

བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ
བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ

བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོས་འགྲོ་འོང་བཀག་སྡོམ་བྱེད་དགོས་པ་དང་མི་དམངས་ལ་འགོག་ཁབ་མྱུར་དུ་རྒྱག་དགོས་ཞེས་ལངས་ཕྱོགས་འཛིན་མཁན་བློན་ཆེན་མང་དག་ཅིག་འཕོ་འགྱུར་བཏང་ཞིང་། ཁོང་གིས་ཏོག་དབྱིབས་ནད་དུག་ཚབས་ཆེན་ཞིག་མ་རེད། བྷར་ཛིལ་རྒྱལ་ཡོངས་སུ་འགྲོ་འོང་བཀག་སྡོམ་བྱེད་དགོས་ཀྱི་མི་འདུག་ཅེས་ལངས་ཕྱོགས་འཛིན་མཁན་རྣམས་བློན་ཆེན་ཁག་ལ་བསྐོ་བཞག ཁོང་གིས་ཚོང་ལས་དང་འགྲིམ་འགྲུལ་བཀག་སྡོམ་མ་བྱས་པར་ནད་ཡམས་བཀག་སྡོམ་དང་ལོ་རྗེས་མར་བསྐྱར་དུ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་ལྟོས་འཆང་། རྒྱ་གར་གྱི་སྲིད་བློན་མོ་དྷིས་རང་གི་སྲིད་དོན་ཚོགས་པར་མངའ་སྡེ་ཁག་གི་གྲོས་ཚོགས་འཐུས་མི་འོས་འདེམས་སྐབས་སུ་རྒྱལ་ཁབ་འཐོབ་རྒྱུའི་ཆེད་དུ་མི་ཚོགས་བསྡུས་ནས་འོས་འདེམས་ཀྱི་དྲིལ་བསྒྲགས་ལས་འགུལ་བ་དང་་ཆོས་ལུགས་ཀྱི་དུས་ཆེན་ཚུགས། ཚོང་ལས་དང་འགྲིམ་འགྲུལ་སོགས་འགོག་གི་མེད་ཀྱང་སྲིད་བློན་མོ་དྷིས་རྒྱ་གར་མི་དམངས་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྒྱག་རྒྱུ་དེར་ཤུགས་སྣོན་བརྒྱབ། རྒྱ་གར་གཞུང་གིས་འགོག་ཁབ་རྒྱག་འགོ་ཚུགས་ནས་བཟུང་སྟེ་མི་གྲངས་དུང་ཕྱུར་༡་མ་ཟིན་ཙམ་ཞིག་ལ་སྨན་ཁབ་བརྒྱབ་འདུག ལྡི་ལི་དང་བྷམ་བྷེ་སོགས་རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ས་གནས་སྲིད་གཞུང་འགའ་ཞིག་གིས་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམ་བཀག་སྡོམ། རྒྱ་གར་དབུས་གཞུང་གིས་རང་གི་མི་དམངས་ཀྱི་བདེ་ཐང་གཙིགས་སུ་བཟུང་སྟེ་ཕྱི་རྒྱལ་ལ་སྨན་ཁབ་ཚོང་འགྲེམ་དང་རོགས་རམ་སྤྲོད་རྒྱུ་སྐབས་ཤིག་གི་རིང་ལ་ཉུང་དུ་བཏང་མོད། འོན་ཀྱང་ནད་རིགས་སྔོན་འགོག་དང་འཕྲོད་བསྟེན་མཁས་པ་ཚོས་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་བྷར་ཛིལ་གྱི་སྲིད་འཛིན་བྷོལ་སོ་ན་རོ་གཉིས་ཀྱིས་ཆབ་སྲིད་དང་སྤྱི་ཚོགས། ཆོས་ལུགས་སོགས་ལ་འབྲེལ་བ་ཡོད་པའི་མི་ཚོགས་བསྡུ་སྐོང་བྱེད་ཀྱི་ཡོད་པ་མཚམས་འཇོག་མ་བྱས་པར་རྒྱ་གར་དང་བྷར་ཛིལ་གཉིས་ལ་ཏོག་དབྱིབས་ནད་དུག་འཇོམས་ཐུབ་རྒྱུ་དེར་དུས་ཡུན་རིང་པོ་ཞིག་འགོར་སྲིད་ཅེས་ཉེན་བརྡ་བཏང་འདུག

XS
SM
MD
LG