ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༥/༠༤/༢༦

རྒྱ་ནག་ལ་སྨན་ཁབ་རྫུན་མ་ཐོན་རྗེས་མི་མང་འགོག་ཁབ་ལ་དོགས་པ་ཇེ་ཆེ།


༄༅།། རྒྱ་ནག་གཞུང་གིས་ཟླ་ཤས་གོང་ནས་མི་གྲངས་དུང་ཕྱུར་༡༤་ཡོད་པ་དེ་དག་ལ་འགོག་ཁབ་རྒྱག་རྒྱུ་ཡིན། རྒྱ་ནག་གི་སྤྱི་ཚོགས་སུ་ཏོག་དབྱིབས་ནད་དུག་མེད་པར་གཏོང་རྒྱུ་ཡིན་ཞེས་བསྒྲགས། ཉེ་ཆར་རྒྱ་ནག་གི་ས་གནས་འགའ་ཞིག་ལ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སྨན་ཁབ་རྫུན་མ་བཟོ་སྐྲུན་བྱེད་མཁན་མི་༨༠་ཡས་མས་ཤིག་འཛིན་བཟུང་། འགོག་ཁབ་རྫུན་མ་༦༠༠༠༠་ཡས་མས་ཤིག་གཞུང་བཞེས་བཏང་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་བཟུང་། རྒྱ་ནག་མི་དམངས་རྣམས་ཐོག་མ་ནས་རང་ཡུལ་གྱི་སྨན་སྦྱོར་བཟོ་ཚོང་ལས་ཁང་གིས་བཟོས་པའི་འགོག་ཁབ་ལ་ཡིད་ཆེས་མེད་པ་དང་མི་དམངས་ལ་འགོག་ཁབ་རྒྱག་འདོད་པ་སྔར་ལས་སྡུག་ཏུ་ཕྱིན་འདུག རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། ཁ་སྔོན་ལོ་སར་གྱི་གནམ་གང་བར་དུ་རྒྱ་ནག་རྒྱལ་ཡོངས་སུ་མི་གྲངས་བྱེ་བ་༤་དང་གྲངས་ཉུང་༥༢་ལ་རྒྱ་ནག་གིས་བཟོས་པའི་འགོག་ཁབ་བརྒྱབ་ཡོད། འགོག་ཁབ་རྒྱག་ཡུལ་གྱི་མི་གྲངས་དེའི་བརྒྱ་ཆ་མང་ཆེ་བ་ནི་རྒྱ་ནག་གི་སྨན་ཁང་ཁག་གི་སྨན་པ་དང་སྨན་ཞབས་པ། གནམ་ཐང་དང་གྲུ་ཁ། ས་མཚམས་སོགས་ཀྱི་འགག་སྒོའི་ལས་བྱེད་པ་དང་སྐྱེལ་འདྲེན་ལས་རིགས་ཀྱི་ལས་བྱེད་པ་རྣམས་ཡིན་ཞེས་བཤད་པ་དེ་ལ་བལྟས་ཚེ། ད་ལྟའི་བར་དུ་རྒྱ་ནག་གཞུང་གིས་འགོག་ཁབ་བརྒྱབ་པའི་མི་རྣམས་ནད་ཡམས་ཀྱི་མདུན་སར་ཐོན་པའི་གཞུང་གི་ལས་བྱེད་པ་རྣམས་ཡིན། རྒྱ་ནག་གི་ལས་བྱེད་པ་དེ་དག་ལ་འགོག་ཁབ་རྒྱག་འདོད་ཡོད་མེད་ཀྱི་གདམ་ཀ་མེད་པར་སྨན་ཁབ་བརྒྱབ་པ་མཚོན་ཐུབ། རྒྱ་ནག་གི་མི་མང་དཀྱུས་མ་ཉུང་ཉུང་ཞིག་ལ་མ་གཏོགས་རྒྱལ་ནང་གི་འགོག་ཁབ་རྒྱག་ཐུབ་མེད་པའི་གནས་ཚུལ་ཐོན།།

གཟའ་འཁོར་སྔོན་མར་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་མཱི་ཧྥེང་གིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་ནག་གི་ཧི་པེ་དང་ལེའོ་ཉིང་། ཅི་ལིན་དང་ཧེ་ལུང་ཅང་ཞིང་ཆེན་བཅས་སུ་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱེད་ཀྱི་ཡོད། བརྟག་དཔྱད་བྱེད་ཐུབ་ཀྱི་མེད་པའི་ས་གནས་ཁག་གི་མི་མང་རྣམས་རང་ཁྱིམ་དུ་བཀག་སྟེ་ཕྱི་ལ་འབུད་དུ་འཇུག་གི་མེད་ཅེས་བཤད། རང་ཁྱིམ་དུ་བཀག་ཡོད་པའི་མི་མང་གིས་སོ་སོའི་ལག་ཐོགས་ཁ་པར་ནང་དུ་བརྙན་གཟུགས་བླངས་ནས་ཕྱི་ལ་བཀྲམ་པ་དེ་དག་གི་ནང་དུ་སྲང་ལམ་གྱི་བཞི་མདོ་ཁག་དང་སུམ་མདོ་ཁག གྲོང་གླིང་ཁག་གི་འཛུལ་སྒོ་ཁག་དེ་ཚོར་འགྱིག་གི་རྩིག་གྱང་བསླངས་དང་ལྕགས་དྲྭ་འཐེན་པ། སྒོ་ར་ཆེན་པོའི་ལྕགས་དྲྭའི་རྒྱལ་སྒོ་དེ་ཚོར་ཕྱི་ལོགས་ནས་སྒོ་ལྕགས་བརྒྱབ་སྟེ་ལྟ་སྲུང་བ་བཞག ཉི་མ་གཉིས་རེའི་མཚམས་སུ་ཁྱིམ་ཚང་རེའི་མི་རེ་དུས་ཡུན་ཆུ་ཚོད་༢་ལ་ཕྱི་རུ་ཉོ་ཆ་རྒྱག་ཏུ་སྐྱོད་ཆོག་པའི་དུས་ཚོད་སྤྲོད་རྒྱུ། ཏོག་དབྱིབས་ནད་དུག་འགོས་ཁྱབ་མི་འགྲོ་བའི་ཆེད་དུ་རྒྱ་ནག་གཞུང་གིས་མི་གྲངས་ས་ཡ་མང་པོ་རང་ཁྱིམ་ལ་བཀག་ནས་ནད་ཡམས་སྔོན་འགོག་གི་བྱ་ཐབས་ཤིག་ལག་ལེན་བསྟར། རྒྱ་ནག་གཞུང་གིས་ལོ་སར་ཚེས་གཅིག་ནས་ནད་དུག་ཁྱབ་གདལ་གྱི་དཀའ་ངལ་ཆེ་བའི་ས་གནས་ཁག་ཏུ་ནད་ཡམས་ཁྱབ་གདལ་ཉུང་དུ་འགྲོ་བཞིན་ཡོད་མེད། མི་མང་རྣམས་རང་ཁྱིམ་དུ་བཙོན་པ་ལྟར་བཀག་ཡོད་པའི་དམ་དྲག་ཕྱིར་འཐེན་བྱས་ཡོད་མེད། ལྷག་པར་དུ་རྒྱ་ནག་མི་དམངས་རྣམས་རྒྱལ་ནང་གི་འགོག་ཁབ་ལ་ཡིད་ཆེས་མེད་པའི་དཀའ་ངལ་སེལ་ཐབས་ལ་སྲིད་གཞུང་གིས་ཤུགས་སྣོན་ཇི་ལྟར་རྒྱག་གི་ཡོད་མེད་རྣམས་ཁྱབ་བསྒྲགས་བྱས་མེད་པར་མ་ཟད། རྒྱ་ནག་གཞུང་གིས་འཇིགས་སྣང་གཙོ་བོ་ནི་ཧི་པེ་དང་ལེའོ་ཉིང་། ཅི་ལིན་དང་ཧེ་ལུང་ཅང་ཞིང་ཆེན་བཅས་ལ་ཁྱབ་གདལ་འགྲོ་བཞིན་པའི་ཏོག་དབྱིབས་ནད་དུག་པེ་ཅིང་དང་རྒྱ་ནག་གི་གྲོང་ཁྱེར་ཁག་ལ་ཁྱབ་སྲིད་པའི་འཇིགས་སྣང་ཡིན་འདུག

རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གི་མགྲིན་ཚབ་པ་མཱི་ཧྥེང་གིས་མི་མང་རྒན་རྒོན་ནས་འགོ་བཙུགས་ཏེ་འགོག་ཁབ་རྒྱག་འཆར་ཡོད། འོན་ཀྱང་དཀའ་ངལ་གཙོ་བོ་ནི་འགོག་ཁབ་ལ་ཞོར་གནོད་ཡོད་སྲིད་པའི་དོགས་པ་ཡིན་པ་འདྲ། རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྣམས་བདེ་འཇགས་ཡིན་པ་དང་ཏོག་དབྱིབས་ནད་དུག་འགོག་ཐུབ། འགོག་ཁབ་བརྒྱབ་པའི་རྗེས་སུའང་མི་དམངས་ཀྱིས་ཁ་རས་གྱོན་རྒྱུ་བརྗེད་མི་ཉན། འགོག་ཁབ་ཀྱིས་ནད་དུག་ལ་འཐབ་རྒོལ་བྱེད་པའི་ནུས་པ་འཐོན་པར་དུས་ཡུན་གང་འཚམ་ཞིག་འགོར་སྲིད་ཅེས་བཤད། རྒྱ་ནག་མི་དམངས་ཀྱི་དོགས་པ་གཙོ་བོ་འགོག་ཁབ་ལ་ནུས་པ་ཡོད་མེད་དང་ཞོར་གནོད་ཆེ་ཆུང་ལ་ཐུག་མེད་ཅིང་། རྒྱ་ནག་མི་དམངས་ཀྱི་དོགས་པ་ཆེ་ཤོས་ནི་རྒྱལ་ནང་གི་སྨན་སྦྱོར་བཟོ་ཚོང་ལས་ཁང་ཁག་གིས་བཟོས་པ་རེད་ཟེར་བའི་སྨན་ཁབ་དེ་རྣམས་ངོ་མ་ཡིན་མིན། འགོག་ཁབ་དེ་རྣམས་མིའི་བདེ་ཐང་ལ་གནོད་ཚབས་ཆེ་བའི་ཚྭ་ཆུའི་འགོག་ཁབ་མིན་པ་དབྱེ་གསེས་ཇི་ལྟར་འབྱེད་དགོས་པ་གསལ་པོ་ཞིག་མ་ཤེས་པར་འགོག་ཁབ་རྒྱག་རྒྱུ་དེར་སྐྲག་སྣང་ཡོང་གི་ཡོད་པ་སྟེ། རྒྱ་ནག་གི་འབྱོར་ལྡན་པ་ཚོས་ཨ་སྒོར་སྟོང་ཕྲག་མང་པོ་འགྲོ་གྲོན་བཏང་ནས་ཕྱི་རྒྱལ་གྱི་འགོག་ཁབ་འཐོབ་ཐབས་བྱེད་ཀྱི་ཡོད་པ། རྒྱ་ནག་གཞུང་གིས་པེ་ཅིང་དང་ཅང་སུའུ། ཧྲན་ཏུང་བཅས་ས་གནས་ཁག་འགའ་ཞིག་ལ་འགོག་ཁབ་རྫུན་བཟོ་བྱེད་ཀྱི་ཡོད་པ་རྩད་གཅོད་བྱུང་སོང་ཞེས་ཁྱབ་བསྒྲགས་བྱས་པ་རྒྱལ་ཡོངས་སུ་ཁྱབ་ཡོད་མེད། རྒྱ་ནག་གི་བདེ་འཇགས་མི་སྣ་སོགས་ཀྱིས་དངུལ་སྒོར་ལྐོག་མ་བླངས་ནས་འགོག་ཁབ་རྫུན་མ་འགྲེམ་སྤེལ་བྱེད་དུ་འཇུག་གི་ཡོད་སྲིད་པའི་དོགས་གཞིའི་འོག་ཏུ་རྒྱལ་ནང་གི་འགོག་ཁབ་ཁག་ལ་ཡིད་ཆེས་བརླགས་པ་བསྐྱར་གསོ་བྱེད་མི་ཐུབ་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད་འདུག

རྒྱ་ནག་གཞུང་གིས་སྨན་པ་དང་ནད་རིགས་སྔོན་འགོག་མཁས་པ། རྒྱ་ནག་གི་སྨན་སྦྱོར་བཟོ་ཚོང་ཁང་ཁག་གི་ལས་སྣེ་ཚོ་རྒྱལ་ཡོངས་བརྙན་འཕྲིན་ལས་རིམ་ནང་དུ་གདན་འདྲེན་ཞུས་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱེད་ཀྱི་ཡོད་པའི་འགོག་ཁབ་རྣམས་སྨན་ཁབ་ངོ་མ་ཡིན། རྒྱ་ནག་གི་འགོག་ཁབ་རྣམས་བདེ་འཇགས་ཡིན་པ་དང་འགོག་ཁབ་རྫུན་མ་འགྲེམ་སྤེལ་བྱེད་དུ་འཇུག་གི་མེད་པའི་བགྲོ་གླེང་ཚུགས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་སུ་བཅའ་སྡོད་རྒྱ་ནག་གི་ནད་རིགས་བརྟག་དཔྱད་པ་ཧྲའོ་དབྱི་མཱིན་ཞེས་པ་ཞིག་གིས་རྒྱ་ནག་ནས་ཐོན་པའི་འགོག་ཁབ་རྣམས་སྤུས་དག་རེད། རྒྱ་ནག་གི་འགོག་ཁབ་དེ་རྣམས་ཨ་རི་དང་དབྱིན་ཇིའི་འགོག་ཁབ་ཁག་ལས་ཀྱང་ཡག་ག་འདུག དེའི་རྒྱུ་མཚན་ནི་རྒྱ་ནག་གི་འགོག་ཁབ་དེ་རྣམས་སྤྱིར་བཏང་གི་འཁྱག་སྒམ་ནང་དུ་བཞག་ཀྱང་ནུས་པ་ཉམས་ཀྱི་མི་འདུག ཨ་རི་དང་དབྱིན་ཇིའི་འགོག་ཁབ་རྣམས་འཁྱག་སྒམ་ཧ་ཅང་གྲང་མོའི་ནང་དུ་འཇོག་དགོས་ཀྱི་རེད། དེ་ནི་ཡར་ཐོན་རྒྱལ་ཁབ་ཅིག་གི་ལག་རྩལ་མ་རེད་ཅེས་བཤད། རྒྱ་ནག་གི་སྨན་ཁབ་བཟོ་སྦྱོར་མཉམ་འབྲེལ་བཟོ་ཁང་གི་གཙོ་འཛིན་ཧྥེང་ཏུའོ་ཅ་ཡིས་བཤད་པ་ལྟར་ན། ༢༠༢༡་ལོ་འདིར་རྒྱ་ནག་གི་སྨན་ཁབ་བཟོ་སྦྱོར་ལས་ཁང་ཁག་གིས་འགོག་ཁབ་དུང་ཕྱུར་༡༨་བཟོ་ཐུབ་ཟེར། འོན་ཀྱང་རྒྱ་ནག་མི་དམངས་དུང་ཕྱུར་༡༤་ལ་སྲིད་གཞུང་གི་ཁག་ཐེག་ཡག་པོ་ཞིག་མེད་པར་རྒྱལ་ནང་གི་འགོག་ཁབ་རྒྱག་འདོད་ཡོད་མེད་ངེས་གཏན་བྲལ། རྒྱ་ནག་གི་ཁྲོམ་རའི་ནང་དུ་འགོག་ཁབ་རྫུན་མ་བཟོ་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་ནས་བཟུང་། རྒྱལ་ཁབ་འགའ་ཞིག་གིས་རྒྱ་ནག་ནས་འགོག་ཁབ་མངགས་ཉོ་བྱ་རྒྱུ་མཚམས་བཞག་ནས་རྒྱ་གར་དང་ཨ་རི། དབྱིན་ཇི་སོགས་ཀྱི་འགོག་ཁབ་རྣམས་རེག་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

རྒྱ་ནག་གཞུང་གིས་རང་གི་འགོག་ཁབ་དེ་ཚོར་མི་དམངས་རྣམས་ཡིད་ཆེས་སླེབས་ཐབས་སུ་ལྷོ་ཤར་ཨེ་ཤི་ཡ་དང་དཀྱིལ་ཤར་ས་ཁུལ། ཨ་ཧྥི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ལ་འགོག་ཁབ་བཙོངས་པ་དང་རྒྱལ་ཁབ་ཁག་ཅིག་ལ་འགོག་ཁབ་ཞལ་འདེབས་སྤྲོད་པ། རྒྱལ་ཁབ་ཁག་ཅིག་ལ་བུ་ལོན་བཞག་ནས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྣམས་མི་གྲངས་ས་ཡ་མང་པོར་རྒྱག་ཐབས་སུ་འབད། ཕྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྣམས་ཅི་ཙམ་མང་བ་བརྒྱབ་པའམ། ཡང་ན་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་འགོག་ཁབ་ཅི་ཙམ་ཚོང་འགྲེམ་ཐུབ་ན་རྒྱ་ནག་མི་དམངས་ཀྱིས་རང་ཡུལ་གྱི་སྨན་ཁབ་ཁག་ལ་ཡིད་ཆེས་སླེབས་ཐུབ་པར་དགེ་མཚན་ཡོད་པའི་གནས་ཚུལ་ཐོན། རྒྱ་ནག་གི་འགོག་ཁབ་དེ་རྣམས་ཕྱིར་ཚོང་བྱ་ཡུལ་ནི་ཨིན་རྡུ་ནེ་ཤི་ཡ་དང་ཝྭི་ཏེ་ནམ། ཁོམ་བྷོ་ཌི་ཡ་དང་ལའོ་སི། ཏུར་ཀི་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ། ཨ་ཧྥི་རི་ཀའི་རྒྱལ་ཁབ་གྷི་ཎི་སོགས་ཡིན་ཞིང་། རྒྱ་ནག་གིས་རང་གི་འགོག་ཁབ་དེ་རྣམས་སྤྱིར་བཏང་གི་འཁྱག་སྒམ་ནང་དུ་བཞག་ནས་ཉར་འཛིན་བྱེད་ཆོག ཕྱི་སྲིད་བློན་ཆེན་ཝང་དབྱིས་རྒྱ་ནག་གིས་བཟོས་པའི་འགོག་ཁབ་རྣམས་ཚ་བའི་ཡུལ་གྱི་རྒྱལ་ཁབ་ཁག་ལ་འཕྲོད་ཆེ་བ་ཡོད་ཅེས་བཤད། ཨ་རི་དང་འཇར་མན་ཎི། དབྱིན་ཇི་བཅས་ཀྱིས་བཟོས་པའི་འགོག་ཁབ་ཚད་ལྡན་རྣམས་འབྱོར་ལྡན་རྒྱལ་ཁབ་ཁག་གིས་སྔོན་ནས་མངགས་ཉོ་ཟིན་ཡོད་པས་འཛམ་གླིང་གི་དབུལ་ཕོངས་རྒྱལ་ཁབ་ཁག་ལ་རྒྱ་ནག་དང་ཨུ་རུ་སུ། རྒྱ་གར་ནས་མ་གཏོགས་འགོག་ཁབ་ཉོ་ས་མེད། རྒྱ་གར་གྱི་འགོག་ཁབ་གཅིག་ནི་དབྱིན་ཇིའི་འགོག་ཁབ་ཅིག་ཡིན་པ་དང་དེ་ནི་རྒྱ་གར་གྱི་ས་ཐོག་ཏུ་བཟོས་པ་ཡིན་པས་རྒྱ་གར་གཞུང་གིས་རང་གི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་མ་གཏོགས་སྨན་ཁབ་ཕོན་ཆེན་ཞིག་ཕྱིར་ཚོང་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG