༄༅།། རྒྱ་ནག་གཞུང་གིས་གཞས་པ་གཞས་མ་དང་སྒྱུ་རྩལ་བ། གློག་བརྙན་འཁྲབ་མཁན་སོགས་སྤྱི་ཚོགས་ཀྱི་མི་སྣ་གྲགས་ཅན་ནས་དྲྭ་ལམ་གྱི་བཟོ་ཚོང་ལས་ཁང་དང་ཟུར་ཁྲིད་སློབ་གྲྭ་ཁག དྲྭ་ལམ་གྱི་སྤྲོ་སྐྱིད་ཚོགས་པ་སོགས་ལ་དམ་དྲག་བྱས་ནས་རྒྱ་ནག་དམར་ཤོག་ཚོགས་པས་མི་དམངས་ཀྱི་ཉིན་རེའི་འཚོ་བར་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག འདི་ནི་རྒྱ་ནག་ལ་ཆབ་སྲིད་ཀྱི་འགྱུར་ལྡོག་ཆེན་པོ་ཞིག་རེད་ཅེས་དྲྭ་ལམ་གྱི་དཔྱད་ཞིབ་པ་ཞིག་གིས་རྩོམ་ཡིག་བྲིས། ཕྱི་ཟླ་༨་པའི་ཚེས་༣༡་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་དྲྭ་ལམ་དུ་སྤྲོ་སྐྱིད་ཚོགས་པ་འཛུགས་པའི་གོམས་གཤིས་ཤིག་དར་གྱི་ཡོད་པར་ཁུངས་ལུང་མི་འདུག་ཅེས་དམ་དྲག་དང་མི་སྣ་གྲགས་ཅན་ཚོས་དཔྱ་ཁྲལ་མ་བརྒྱབ་པར་གཡོལ་ཐབས་བྱེད་ཀྱི་ཡོད་པར་ཁྲིམས་གཅོད། སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་ཁེ་སང་ལ་དམིགས་ནས་ཕྱི་རྒྱལ་གྱི་བསླབ་གཞི་ཁག་ཟུར་ཁྲིད་བྱེད་ཀྱི་ཡོད་པ་བཅས་ལ་བཀག་སྡོམ་བྱ་རྒྱུ་འགོ་ཚུགས། རྒྱ་ནག་དམར་ཤོག་ཚོགས་པས་ཕྱོགས་གང་ཐད་དུ་ཐེ་ཇུས་བྱས་ནས་མི་དམངས་དབུལ་ཕྱུག་གཉིས་ལ་ཡོང་འབབ་འདྲ་མཉམ་མེད་པའི་ཁྱད་པར་ཆེན་པོ་ཡོད་པ་སྙོམས་ཐབས་བྱ་རྒྱུ་དང་ས་ཁང་གི་རིན་གོང་འཕར་གྱི་ཡོད་པ་འགོག་ཐབས་བྱ་རྒྱུ་ཡིན་ཞེས་ལས་རིགས་ཕལ་མོ་ཆེར་དམ་དྲག་གི་སྲིད་ཇུས་རིམ་པ་ཞིག་ལག་ལེན་བསྟར་གྱི་ཡོད་པའི་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པའི་རྩོམ་པ་པོ་ལི་ཀྭང་མན་གྱིས་རྩོམ་ཡིག་ཅིག་བྲིས་ནས་སྐད་འཕྲིན་བརྒྱུད་ལམ་དུ་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། རྒྱ་གཞུང་གི་ཐེ་ཇུས་དེ་རྣམས་མ་རྩ་གཙིགས་སུ་འཛིན་པ་ནས་མི་དམངས་གཙིགས་སུ་འཛིན་པའི་འགྱུར་བཅོས་ཤིག་རེད། འདི་ནི་ཐོག་མའི་རྒྱ་ནག་དམར་ཤོག་ཚོགས་པའི་དམིགས་ཡུལ་གྱི་ལམ་སྟེང་དུ་ཕྱིར་ལོག་བྱས་པ་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་དོན་སྙིང་རྩ་འཛིན་གྱི་ལམ་དུ་ཕྱིར་ལོག་བྱས་པ་རེད་ཅེས་བཀོད་དེ་ཞིན་ཧྭ་གསར་འགྱུར་ལས་ཁང་དང་རྒྱ་ནག་དམར་ཤོག་ཚོགས་པའི་མགྲིན་ཚབ་མི་དམངས་ཉིན་རེའི་ཚགས་པར་སོགས་ལ་བརྒྱུད་སྤེལ་བྱས་འདུག ལི་ཀྭང་མན་ནི་རྒྱ་ནག་གི་གཞུང་གཉེར་དཔེ་སྐྲུན་ལས་ཁང་ཞིག་གི་རྩོམ་སྒྲིག་པ་ཟུར་པ་ཞིག་ཡིན་ཞིང་། ཁོ་པས་རྒྱ་ནག་གི་ཁྲོམ་ར་ཁག་སྔར་བཞིན་འབྱོར་ལྡན་པ་ཚོ་བདེ་བླག་ཏུ་ཕྱུག་པོར་འགྱུར་བའི་ཞིང་མཆོག་ཅིག་མིན། རིག་གཞུང་ནི་མི་སྣ་གྲགས་ཅན་ཚོས་ཅི་འདོད་དུ་བཀོལ་སྤྱོད་བྱེད་ཆོག་པ་མིན། ནུབ་ཕྱོགས་པ་ལྟར་སྤྱི་དམངས་ཀྱི་ལྟ་ཚུལ་གོང་བཀུར་བྱེད་དགོས་པ་ཞིག་ཀྱང་མིན། ང་ཚོས་ཁུངས་ལུང་མེད་པའི་གོམས་སྲོལ་ཡོད་དོ་ཅོག་ལ་སྟངས་འཛིན་བྱས་ནས་མི་དམངས་གཙིགས་སུ་འཛིན་པའི་རིག་གཞུང་གསོན་ཉམས་ལྡན་པ་དང་སྤུས་དག གདེང་སྤོབས་ཅན་དང་སྟོབས་ཤུགས་ཅན་ཞིག་གསར་གཏོད་བྱེད་དགོས་ཞེས་བཀོད།།
༢༠༡༢་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པས་ཚོང་ལས་དང་སློབ་གྲྭ་ཁག རིག་གཞུང་གི་ཚོགས་སྡེ་ཁག་ཚུད་པའི་སྤྱི་ཚོགས་ཀྱི་ཁྱབ་ཁོངས་ཀུན་ལ་ཐེ་ཇུས་བྱ་རྒྱུ་ཤུགས་ཆེ་རུ་སོང་། ཞིས་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་བརྒྱ་འཁོར་བའི་དུས་དྲན་གྱི་གཏམ་བཤད་སྐབས་སུ་དམར་ཤོག་ཚོགས་པའི་དབང་ཤུགས་ཆེ་རུ་གཏོང་དགོས། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་སྲོག་ཤིང་དུ་བསྒྱུར་ནས་མི་དམངས་ཀྱི་མཐུན་སྒྲིལ་ཤུགས་ཆེ་རུ་གཏོང་དགོས་ཞེས་བཤད། བདུན་ཕྲག་སྔོན་མར་རྒྱ་ནག་གི་ལྟད་མོ་དང་རྩེ་མོའི་ཚོང་ལས་རྣམས་དམར་ཤོག་ཚོགས་པའི་དབང་འོག་ཏུ་བསྡུས། དེའི་སྔོན་ལ་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་དང་སྤྱི་ཚོགས་ཀྱི་ལས་འགུལ་བ། གུ་ཡངས་ཀྱི་ལྟ་གྲུབ་འཛིན་པ་དང་སྒེར་གཉེར་བཟོ་ཚོང་ལས་ཁང་ཁག་ལ་དམ་དྲག་བྱས་ཡོད་ཅིང་། ཀྲའོ་ཝེ་ནི་རྒྱ་ནག་གི་སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་མཁན་ཞིག་ཡིན་པར་མ་ཟད། ཁོ་མོ་ཨ་སྒེར་ཐེར་འབུམ་མང་པོ་ཡོད་པའི་འབྱོར་ལྡན་པ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཀྲའོ་ཝེའི་སྒེར་གྱི་ཝི་པོ་དྲྭ་ཚིགས་སྒོ་བརྒྱབ་སྟེ་དྲྭ་ལམ་དུ་བཞག་ཡོད་པའི་གློག་བརྙན་དང་བརྙན་འཕྲིན་གློག་བརྙན་རྣམས་བླངས། ཁོ་མོའི་མིང་ཡང་འཁྲབ་སྟོན་པའི་ཐོ་གཞུང་ནས་བསུབས། ཀྲའོ་ཝེས་འཁྲབ་པའི་གློག་བརྙན་དང་བརྙན་འཕྲིན་གློག་བརྙན་ཁག་ཅིག་ནི་ལོ་ཉི་ཤུའི་སྔོན་དུ་འཁྲབ་པ་རྣམས་ཡིན་འདུག བདུན་ཕྲག་སྔོན་མའི་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཀྲང་ཧྲུང་གིས་འཁྲབ་པའི་གློག་བརྙན་རྣམས་ཀྱང་དྲྭ་ལམ་ནས་བསུབས། ཁོ་མོར་དཔྱ་ཁྲལ་མ་འཇལ་བའི་ནག་ཉེས་བཙུགས་ནས་ཨ་སྒོར་ས་ཡ་༦༣་གྱི་ཉེས་ཆད་བཅད།།
རྒྱ་ནག་གཞུང་གིས་སྤྱོད་ངན་གྱི་མི་སྣ་གྲགས་ཅན་ཞེས་ཉེས་མིང་བཏགས་པ་དེ་རྣམས་རྒྱང་སྲིང་གི་ཐོ་གཞུང་ནག་པོར་བཀོད། ཀྲའོ་ཝེ་དང་ཀྲང་ཧྲུང་། ཁེ་ན་ཌའི་སྤྱི་དམངས་རྒྱ་ནག་པ་ཁེ་རི་སི་ཝུ་སོགས་ཐོ་གཞུང་ནག་པོའི་ནང་དུ་ཚུད་འདུག་ཅེས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན། སྔོན་ཆད་ཀྱང་རྒྱ་ནག་གཞུང་གིས་མི་སྣ་གྲགས་ཅན་ཁག་ལ་དྲག་གནོན་བྱས་མྱོང་ཡོད་ཀྱང་གྲངས་ཀ་མང་པོ་ཞིག་མིན། དེང་སྐབས་རྒྱ་ནག་གཞུང་གིས་མི་སྣ་གྲགས་ཅན་ལ་དམ་དྲག་བྱེད་ཀྱི་ཡོད་པ་གྲངས་འབོར་མང་བ་དང་ཉེས་པ་ལྕི་བ། མི་སྣ་གྲགས་ཅན་དེ་རྣམས་རྒྱ་ནག་གི་དྲྭ་ལམ་ནས་རྦད་དེ་ནག་སུབ་བཏང་ནས་རྙེད་རྒྱུ་མེད་པར་གྱུར། གཟའ་པ་སངས་ཉིན་རྒྱ་ནག་གི་དྲྭ་སྣང་སྟངས་འཛིན་ལས་ཁུངས་ཀྱིས་དྲྭ་ལམ་གཙང་དག་ཀྱི་ཐབས་ཇུས་བཅུ་བསྟན། ཁོ་ཚོས་རྒྱ་ནག་གི་ན་གཞོན་ཚོ་ཧ་ཅང་དགའ་མོས་ཡོད་པའི་མི་སྣ་གྲགས་ཅན་གཤིབ་སྡུར་ཚོགས་པ་དང་མི་སྣ་གྲགས་ཅན་ལ་དགའ་མོས་ཚོགས་པ་འཛུགས་མི་ཆོག སྒྱུ་རྩལ་འགྲན་སྡུར་གྱི་ལྟད་མོ་རྣམས་དྲྭ་ལམ་དུ་སྟོན་མི་ཆོག་པའི་བཙན་ཁྲིམས་ལག་ལེན་བསྟར། རྒྱ་ནག་གི་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་མི་འགའ་ཤས་ཀྱིས་བཙན་ཁྲིམས་དེ་རྣམས་རིག་གནས་གསར་བརྗེའི་དུས་སྐབས་དང་གཅིག་མཚུངས་རེད་ཅེས་མཆན་བྲིས། མི་དམངས་ཀྱི་བློ་ཁ་སྒྱུར་བའི་རིག་གཞུང་ལ་འཐབ་རྒོལ་བྱ་རྒྱུ་ནི་རྒྱ་ནག་དམར་ཤོག་ཚོགས་པས་དམག་ས་གཙོ་བོ་ཞིག་ཏུ་བཟུང་སྟེ་ཞིབ་བཤེར་དང་དམ་དྲག་རྣམས་གཏན་ནས་གློད་ཡངས་གཏོང་དཀའ། རྒྱ་ནག་དམར་ཤོག་ཚོགས་པས་མི་དམངས་ལ་རྒྱ་ནག་གི་གློག་བརྙན་མང་ཙམ་བལྟ་དགོས། ཨ་རིའི་ཧོ་ལི་ཝུ་ཌི་དང་ཕྱི་རྒྱལ་གྱི་གློག་བརྙན་ལ་ཉུང་ཙམ་བལྟ་དགོས་པའི་སྐུལ་ལྕག་བཏང་སྟེ་ལྟ་གྲུབ་དང་རིག་གཞུང་ལ་དམ་དྲག་ཚད་ལས་བརྒལ་བ་ཞིག་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་ལོ་བཅུ་ཕྲག་བཞི་ལྷག་ལ་དཔལ་འབྱོར་འགྱུར་བཅོས་བཏང་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོན་ཡོད་པ་རྣམས་ཞིས་ཅིན་ཕིང་གིས་ནག་སུབ་གཏོང་རྒྱུའི་ཉེན་ཁ་འདུག་ཅེས་བསྟན།།
ཕྱི་ཟླ་༨་པའི་ཚེས་༣༠་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་སློབ་ཕྲུག་དང་ཕ་མ་ཚོའི་གནོན་ཤུགས་ཆུང་དུ་གཏོང་གི་ཡོད་ཅེས་ལོ་དྲུག་ནས་བདུན་བར་གྱི་སློབ་ཕྲུག་ཚོར་འབྲི་རྒྱུགས་ལེན་མི་ཆོག་པའི་བཀག་སྡོམ་བྱས་ཤིང་། རྒྱ་ནག་གི་ཤེས་ཡོན་སློབ་གསོ་ལྷན་ཁང་གིས་ཡིག་རྒྱུགས་མང་དྲགས་ན་སློབ་ཕྲུག་ལ་རྒྱུགས་སྤྲོད་ཀྱི་གནོན་ཤུགས་ཆེ་དྲགས་ཏེ་བསམ་བློའི་སྐྱེད་སྟོབས་ལ་གནོད་སྐྱོན་འཕོག་གི་འདུག མཐོ་འབྲིང་གི་ཚོད་ལྟའི་རྒྱུགས་སྤྲོད་ཁག་ཀྱང་མེད་པར་གཏོང་དགོས་ཞེས་བསྒྲགས། ཉེ་ཆར་ཕྱི་ཟླ་༧་པའི་ནང་དུ་རྒྱ་ནག་གཞུང་གིས་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ཁེ་ལས་མིན་པའི་ཚོགས་པར་བསྒྱུར་དགོས། སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་གིས་སློབ་ཡོན་བླངས་ནས་གཟའ་མཇུག་དང་སྔ་དགོང་ལ་སློབ་ཕྲུག་ཚོར་ཟུར་ཁྲིད་བྱེད་ཀྱི་ཡོད་པ་མཚམས་འཇོག་བྱ་དགོས་ཞེས་བཀག རྒྱ་ནག་གི་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་ལོ་རེར་ཨ་སྒོར་ཐེར་འབུམ་༡༠༠་ལྷག་གི་ཚོང་ལས་ཡོད་པ་མེད་པར་གྱུར། སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་ལ་ཚོང་ལས་ཡག་པོ་ཡོད་པའི་སྟབས་ཀྱིས་འབྱོར་ལྡན་པ་ཚོས་མ་རྩ་བཙུགས་ནས་ས་ཁང་གི་རིན་གོང་འཕར། ད་དུང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་སློབ་ཡོན་མཐོ་དྲགས་པ་དང་ཕ་མ་ཚོས་ཨ་སྒོར་ཁྲི་ཚོ་མང་པོ་བུ་ཕྲུག་གི་སློབ་ཡོན་ལ་གཏོང་དགོས་པར་ཐུག་འདུག དེས་ན་རྒྱ་ནག་གཞུང་གིས་རྒྱུགས་སྤྲོད་དང་སྒེར་གཉེར་ཟུར་ཁྲིད་སློབ་གྲྭ་ཁག་མེད་པར་བཏང་ནས་མི་འབོར་འཕེལ་རྒྱས་གཏོང་ཐུབ་པའི་རེ་ལྟོས་འཆང་འདུག་ཅེས་གནས་ཚུལ་སྤེལ་འདུག