ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་ས་གནས་མང་ཆེ་བར་ཏོག་དབྱིབས་ནད་དུག་ཁྱབ་གདལ། 


༄༅།། རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་ཕྱེད་ཀ་ལྷག་ལ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་རྒྱལ་ཡོངས་ཀྱི་ས་གནས་མང་དག་ཅིག་ལ་འགྲིམ་འགྲུལ་བཀག་སྡོམ་གྱི་སྒྲིག་ཁྲིམས་གསར་པ་ལག་ལེན་བསྟར། རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་མང་དག་ཅིག་གིས་མི་གྲངས་ས་ཡ་མང་པོར་བརྟག་དཔྱད་བྱ་རྒྱུ་འགོ་ཚུགས། ཕྱི་ཟླ་༨་པའི་ཚེས་༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཏོག་དབྱིབས་ནད་དུ་འགོས་པའི་ནད་པ་གསར་པ་༡༢༤་ཐོན་སོང་། ཁ་སང་གཟའ་ཕུར་བུའི་ཉིན་མི་༨༥་ལ་ཏོག་དབྱིབས་ནད་དུག་འགོས་འདུག་ཅེས་གྲངས་ཐོ་བཏོན། འཛམ་གླིང་གི་འཕྲོད་བསྟེན་མཁས་པ་དང་ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་ཡོད་ཟེར་གྱི་ཡོད་ཀྱང་ཡུན་རིང་མི་འགོར་པར་རྒྱ་ནག་ལ་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༥༠༠་ལྷག་བརྒལ་ཉེན་འདུག ད་ལྟ་རྒྱ་ནག་གཞུང་གིས་པེ་ཅིང་ཚུད་པའི་ནད་དུག་ཁྱབ་གདལ་ཛ་དྲག་ཆེ་ས་གནས་༡༤༤་ལ་འགྲིམ་འགྲུལ་དང་སྐྱེལ་འདྲེན་བཀག བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་པེ་ཅིང་གི་མི་གསུམ་ལ་ཏོག་དབྱིབས་ནད་དུག་འགོས། དེར་བརྟེན་པེ་ཅིང་གྲོང་ཁྱེར་གཞུང་གིས་གྲོང་མི་ཚོར་ཕྱིར་སྐྱོད་ལག་འཁྱེར་སྤྲོད་རྒྱུ་མཚམས་བཞག་སྟེ་གྲོང་མི་རྣམས་ཕྱི་རྒྱལ་ལ་ཕྱིན་ནས་རང་ཡུལ་དུ་ལོག་ཚེ། ཁོ་ཚོས་པེ་ཅིང་གྲོང་ཁྱེར་ལ་ཕྱི་ལོགས་སུ་ཁྱབ་ཀྱི་ཡོད་པའི་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་བགོ་སྲིད་པའི་འཛེམ་ཟོན་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན།།

ཧོང་ཀོང་དང་ཨོ་མེན་དམིགས་བསལ་ས་ཁུལ་གཉིས་ཀྱིས་རང་གི་ས་གནས་ཁག་ལ་རྒྱ་ནག་ནས་ཏོག་དབྱིབས་ནད་དུག་ཁྱབ་གདལ་འགྲོ་སྲིད་པ་འགོག་ཐབས་སུ་སླར་ཡང་སྐམ་ས་ཆེན་མོའི་འགྲུལ་པ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་མགོ་བརྩམས། ཨོ་མེན་གྱི་སློབ་ཕྲུག་ཅིག་རྒྱ་ནག་ལ་སོང་སྟེ་ཏོག་དབྱིབས་ནད་དུག་འགོས། བུ་མོ་དེ་རང་ཡུལ་ལ་ཕྱིར་ལོག་བྱས་པའི་རྗེས་སུ་ཕ་མ་གཉིས་ལ་ཏོག་དབྱིབས་ནད་དུག་བགོས་པས་ཨོ་མེན་གཞུང་གིས་ས་གནས་དེའི་མི་གྲངས་ཚང་མར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱ་རྒྱུ། ཉམས་ཞིབ་པ་མང་དག་ཅིག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་ཏོག་དབྱིབས་ནད་དུག་སྔོན་འགོག་ཐུབ་ཡོད་ཟེར་གྱི་ཡོད་པ་ངོ་མ་ཡིན་མིན་དོགས་པ་བསླངས། ༢༠༢༠་ལོར་ཏོག་དབྱིབས་ནད་དུག་གི་ཐོག་མའི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་ལ་ཉིན་༧༦་གི་རིང་དུ་སྒོ་རྒྱ་བསྡམས། ཁ་སྔོན་གཟའ་ཟླ་བར་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༢༠་ཐོན་ནས་བཟུང་། གྲོང་ཁྱེར་དེའི་མི་འབོར་ས་ཡ་༡༡་ལྷག་ཡོད་པ་དེ་དག་ལ་བརྟག་དཔྱད་བྱ་དགོས་པའི་བཀའ་ཕབ། རྒྱ་ནག་གཞུང་གིས་ཉིན་ལྟར་ཏོག་དབྱིབས་ནད་དུག་འགོས་པའི་ནད་པའི་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ཧ་ཅང་ཉུང་ཉུང་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཉིན་མཚན་མེད་པར་མི་གྲངས་ས་ཡ་མང་པོར་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད་པ་དེ་ནས་ནད་ཡམས་ཁྱབ་གདལ་གྱི་ཛ་དྲག་ཆེན་པོ་ཡོད་པ་མཚོན་ཐུབ། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་དུག་གཏན་ནས་ཁྱབ་ཏུ་འཇུག་རྒྱུ་མིན་པའི་སྲིད་ཇུས་ཤིག་འཛིན་གྱི་ཡོད་ཀྱང་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ལས་སླ་པོར་སྔོན་འགོག་བྱེད་ཐུབ་པ་ཞིག་མིན་ཞིང་། སྐད་འཕྲིན་དང་ཝི་པོ་དྲྭ་ཚིགས་སུ་རྒྱ་ནག་གི་དྲྭ་དམངས་ཀྱིས་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་པ་ལས་ཀྱང་ནད་པའི་གྲངས་འབོར་ལྡབ་མང་པོ་མང་བ་ཡོད་སྲིད་པའི་དོགས་སློང་གི་འཕྲིན་ཐུང་སྤེལ།།

ཝུ་ཧན་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་ཏོག་ནད་ཡོད་མེད་ཀྱི་བརྟག་དཔྱད་བྱེད་བཞིན་པ། ༢༠༢༡།༠༨།༠༥
ཝུ་ཧན་གྲོང་ཁྱེར་གྱི་སྡོད་དམངས་ཀྱིས་ཏོག་ནད་ཡོད་མེད་ཀྱི་བརྟག་དཔྱད་བྱེད་བཞིན་པ། ༢༠༢༡།༠༨།༠༥

རྒྱ་ནག་གི་མི་དམངས་ཉིན་རེའི་ཚགས་པར་ལ་ས་གནས་ཁག་གི་ལས་སྣེ་ཚོས་རང་གི་མངའ་ཁུལ་དེར་ནད་ཡམས་ཁྱབ་གདལ་དང་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་གྲངས་འབོར་ངོ་མ་སྦས་གསང་བྱེད་མི་ཆོག་ཅེས་རྩོམ་ཡིག་བཀོད། བདུན་ཕྲག་འདིའི་གཟའ་ལྷག་པའི་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་མི་༦༢་ལ་ནད་དུག་འགོས་འདུག སྔ་ཉིན་དེར་མི་༧༡་ལ་ནད་དུག་འགོས་འདུག་ཅེས་གྲངས་ཐོ་ཞིག་ཕྱི་ལ་བསྒྲགས། དེང་སྐབས་རྒྱ་ནག་ལ་ནད་པ་གསར་པ་འཐོན་གྱི་ཡོད་པའི་ཕྱེད་ཀ་ཙམ་ཅང་སུའུ་ཞིང་ཆེན་གཅིག་པུ་རེད། ཕྱི་ཟླ་པའི་ནང་དུ་ནན་ཅིང་གྲོང་ཁྱེར་གྱི་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་གི་ལས་མི་ཁག་ཅིག་ལ་ནད་དུག་འགོས། ནན་ཅིང་ནས་ཧུ་ནན་དང་ཧུ་པེ། ཧྲན་ཏུང་དང་ཡུན་ནན། ཧེ་ནན་དང་ཧྥུ་ཅན་སོགས་རྒྱ་ནག་གི་ཞིན་ཆེན་༡༧་ལ་ཁྱབ་སྟེ་ནན་ཅིང་གྲོང་ཁྱེར་གྱི་ལུ་ཁུག་རྒྱལ་སྤྱིའི་གནམ་ཐང་བརྒྱུད་པའི་མི་ས་ཡ་གཅིག་ལྷག་ཟུར་འགོག་བྱས་པར་མ་ཟད། ༢༠༢༠་ལོར་རྒྱ་ནག་ལ་ནད་ཡམས་མགོ་འཇོམས་པའི་གཞུག་ཏུ་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་དུ་ནད་དུག་སྔོན་འགོག་དང་མི་དམངས་ལ་བརྟག་དཔྱད། དམག་འཁྲུག་གི་འཐབ་རྒོལ་ལ་ཞུགས་པ་ལྟར་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ཛ་དྲག་ལས་དོན་འདི་འདྲ་ཞིག་བསྒྲུབས་དགོས་མ་བྱུང་ཞིང་། རྒྱ་ནག་གི་བཟོ་གྲྭ་ཁག་བསྐྱར་དུ་སྒོ་ཕྱེ་ནས་དཔལ་འབྱོར་འཕེལ་རྒྱས། རྒྱལ་ནང་གི་འགྲུལ་འགྲིམ་སླར་གསོ་བྱུང་བར་བསྐྱར་དུ་འགོག་རྐྱེན་འཕྲད་སྲིད། ནན་ཅིང་དང་ཀྲེང་ཀྲུག་སོགས་ཏོག་དབྱིབས་ནད་དུག་ཁྱབ་གདལ་གྱི་ཛ་དྲག་ཆེ་ཤོས་སུ་གྱུར། པེ་ཅིང་དང་ཧྲང་ཧེ་སོགས་ས་གནས་༡༦༨་ནད་དུག་ཁྱབ་གདལ་གྱི་ཉེན་ཁ་འབྲིང་གྲས་སུ་ཚུད། རྒྱ་ནག་གཞུང་གིས་ནད་དུག་ཁྱབ་གདལ་གྱི་ཉེན་ཁ་ཆེ་སར་རྩི་བའི་ས་ཁུལ་༡༥༩་ཡོད་པ་དེ་དག་གི་མི་རྣམས་ས་གནས་གཞན་ལ་སྐྱོད་ཆོག་གི་མེད་པའི་གནས་ཚུལ་ཐོན་འདུག

པེ་ཅིང་དུ་མང་ཚོགས་ཀྱིས་ཁ་རས་བརྒྱབ་ནས་གཟབ་གཟབ་བྱེད་བཞིན་པ། ༢༠༢༡།༠༨།༠༤
པེ་ཅིང་དུ་མང་ཚོགས་ཀྱིས་ཁ་རས་བརྒྱབ་ནས་གཟབ་གཟབ་བྱེད་བཞིན་པ། ༢༠༢༡།༠༨།༠༤

བདུན་ཕྲག་འདིའི་གཟའ་མིག་དམར་ཉིན་རྒྱ་ནག་གི་ཞིན་ཧྭ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིང་གྲོང་ཁྱེར་གཞུང་གིས་མེ་འཁོར་འཛིན་བྱང་བཙོང་ཡུལ་ལས་ཁུངས་ཁག་ལ་ཀྲེང་ཀྲུག་དང་ཧྲེན་དབྱང་། ཏ་ལཱེན་དང་ཁྲང་ཧྲ། ཁྲེང་ཏུའུ་ནས་པེ་ཅིང་ལ་ཡོང་མཁན་ཚོར་མེ་འཁོར་གྱི་འཛིན་བྱང་མ་བཙོངས་ཞེས་འབོད་སྐུལ་ཞུས། པེ་ཅིང་ལ་གནམ་ཐང་གཉིས་པ་དེ་དག་ལ་གྲོང་ཁྱེར་ཁག་ཅིག་ནས་མཁའ་ལམ་འགྲིམ་འགྲུལ་ཉུང་དུ་བཏང་འདུག ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་ཁྱབ་པའི་སྐབས་སུ་རྒྱ་ནག་གི་སྲིད་བློན་གཞོན་པ་སུན་ཁྲུན་ལཱེན་ཟླ་བ་མང་པོར་གྲོང་ཁྱེར་དེར་བསྡད་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་ལས་འགན་བསྒྲུབས། ད་ལྟ་རྒྱ་ནག་གཞུང་གིས་སུན་ཁྲུན་ལཱེན་གཙོས་གཞུང་འབྲེལ་མི་སྣ་ཁག་ཅིག་ནན་ཅིང་གྲོང་ཁྱེར་ལ་བཏང་ནས་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདོལ་བཀག་སྡོམ་གྱི་ལས་འགན་སྤྲད། སུན་ཁྲུན་ལཱེན་གྱི་ལས་འགུལ་བསྒྲུབ་ཡུལ་དེའི་ཁྱབ་ཁོངས་སུ་ཧུ་པེ་ཞིང་ཆེན་གྱི་ཀྲེང་ཀྲུག་གྲོང་ཁྱེར་ཡང་ཚུད་འདུག ཕྱི་ཟླ་༨་པའི་ཚེས་༡༡་བར་དུ་ནན་ཅིང་རྒྱལ་སྤྱིའི་གནམ་ཐང་ལ་མཁའ་ལམ་འགྲིམ་འགྲུལ་བཀག རྒྱ་གཞུང་གི་གསར་འགྱུར་ལས་ཁང་ཁག་གིས་མི་དམངས་ལ་དགོས་ངེས་མིན་པའི་འགྲིམ་འགྲུལ་བྱ་རྒྱུ་དེར་གཡོལ་ཐབས་བྱ་དགོས་ཞེས་བསྐུལ། དབྱར་གྱི་འགྲིམ་འགྲུལ་འཚང་ཁ་ཆེ་བའི་དུས་འདིར་རྒྱ་ནག་གཞུང་གིས་མཁའ་ལམ་འགྲིམ་འགྲུལ་ཉུང་དུ་བཏང་སྟེ་ཏོག་དབྱིབས་ནད་དུག་སྔོན་འགོག་གི་སློབ་སྟོན་པ་སྨན་པ་ཀྲང་ཝེན་ཧུང་གིས་རང་གི་དྲྭ་ཚིགས་སུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་བཟོས་པའི་འགོག་ཁབ་སྨན་ཐུན་དུང་ཕྱུག་༡༠་མི་མང་ལ་བརྒྱབ་ཟིན། ཡིན་ནའང་ནད་དུག་རྩ་མེད་གཏོང་རྒྱུའི་ཐོག་མའི་དམིགས་ཡུལ་དེ་འགྲུབ་དཀའ། རྒྱ་ནག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལྟར་ནད་དུག་ལ་གདོང་ལེན་བྱེད་ཞོར་དུ་འཚོ་གནས་བྱ་རྒྱུ་དེར་སློབ་སྦྱོང་བྱ་དགོས་ཞེས་བྲིས།།

སྨན་པ་ཀྲང་ཝེན་ཧུང་གིས་ཨ་རི་དང་དབྱིན་ཇི་སོགས་ཀྱིས་ནད་ཡམས་རྩ་འཇོམས་སོང་མེད་ཀྱང་བསྐྱར་དུ་སྒོ་འབྱེད་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་གྲོང་ཁྱེར་ཧྲིལ་པོ་སྒོ་བརྒྱབ་པ་དང་གྲོང་མི་ས་ཡ་མང་པོར་བརྟག་དཔྱད། ས་མཚམས་སྒོ་རྒྱག་གི་ཡོད་པ་ནི་དུས་ཚོད་ངེས་མེད་བར་དུ་རྒྱུན་འཁྱོངས་བྱེད་ཐུབ་པ་ཞིག་མིན། རྒྱ་ནག་གི་ས་མཚམས་སྒོ་འབྱེད་དགོས་པ་དང་ཏོག་དབྱིབས་ནད་དུག་འགོ་ཁྱབ་ཀྱང་འགྲོ་ཤས་ཆེ། ང་ཚོས་ཏོག་དབྱིབས་ནད་དུག་རྩ་མེད་གཏོང་དགོས་ན་འགོག་ཁབ་ནུས་པ་ཅན་ཞིག་བཟོ་དགོས། ནད་དུག་གི་ནུས་པ་བཅག་ནས་མིའི་རྒྱུན་ལྡན་གྱི་འཚོ་བ་དང་འགྲིམ་འགྲུལ། ཚོང་ལས་སོགས་སླར་གསོ་བྱ་དགོས། འགོག་ཁབ་ནུས་པ་ཅན་ཞིག་ཡོད་ན་རྒྱ་ནག་གི་ཉིན་རེའི་བྱེད་སྒོ་ཁག་ལ་གཏོང་བརླག་འཕོག་མི་ཐུབ་ཅེས་རྒྱ་ནག་གིས་བཟོས་པའི་སྨན་ཁབ་ལ་ནུས་པ་མེད་པ་ངོས་ལེན་བྱས་འདུག རྒྱ་ནག་གིས་བཟོས་པའི་སྨན་ཁབ་རྣམས་རྒྱལ་ཁབ་༡༠༠་ཡས་མས་ཤིག་ལ་འགྲེམ་སྤེལ་བྱས་ཀྱང་ནད་དུག་འགོག་མ་ཐུབ་པར་ཨིན་རྡུ་ནེ་ཤི་ཡའི་སྨན་པ་དང་སྨན་ཞབས་པ་བརྒྱ་ཕྲག་མང་པོར་འཆི་སྐྱོན་བྱུང་། རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་འགོག་ཁབ་སྨན་ཐུན་གཉིས་ཀ་བརྒྱབ་ཀྱང་སླར་ཡང་ཏོག་དབྱིབས་ནད་དུག་འགོས་ནས་ནད་མནར་ཚབས་ཆེན་ཕོག དེས་ན་རྒྱལ་ཁབ་མང་དག་ཅིག་གིས་རྒྱ་ནག་གི་འགོག་ཁབ་སྨན་ཐུན་གཉིས་ཀའི་ཐོག་ཏུ་ཨ་རི་སོགས་ཀྱི་འགོག་ཁབ་སྨན་ཐུན་གསུམ་པ་ཞིག་རྒྱག་གི་ཡོད་ཅིང་། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལཱེན་ཌི་དང་ཨིན་རྡུ་ནེ་ཤི་ཡ་སོགས་ཀྱིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་འགོག་ཁབ་རྣམས་རྒྱག་རྒྱུ་མཚམས་བཞག གཟའ་ཕུར་བུའི་ཉིན་ཞིས་ཅིན་ཕིང་གིས་འཛམ་གླིང་རྒྱལ་ཁབ་ཁག་ལ་འགོག་ཁབ་དུང་ཕྱུར་༢༠་ཐམ་པ་མཁོ་འགྲེམ་བྱེད་ཆོག་ཅེས་ཁས་བླངས། ད་སྔ་རྒྱ་ནག་གིས་སྨན་ཁབ་དུང་ཕྱུར་༧་དང་བྱེ་བ་༧་མཉམ་འབྲེལ་རྒྱལ་ཚོགས་ལ་ཞལ་འདེབས་སྤྲད་འདུག

XS
SM
MD
LG