ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ལ་རྒྱ་མི་ཡུལ་སྐོར་བ་བཀག་འགོག་མེད་པར་ནད་དུག་ཁྱབ་ཉེན།


༅།། དེང་སྐབས་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ངོ་བོ་འགྱུར་བའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཤུགས་ཆེར་སོང་སྟེ་འགྲོ་འོང་བཀག་སྡོམ་བྱེད་བཞིན་ཡོད་ཀྱང་བོད་ལ་རྒྱ་མི་ཡུལ་སྐོར་བ་ཡོང་གི་ཡོད་པར་བཀག་འགོག་མེད་པར་ཉིན་ལྟར་རྒྱ་ནག་ནས་རྒྱ་མི་ཡུལ་སྐོར་བ་ཧ་ཅང་མང་པོ་འབྱོར་བཞིན་ཡོད་པས་བོད་ལ་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པའི་ཉེན་ཁ་ཇེ་ཆེར་སོང་། ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་ཚད་ལས་བརྒལ་བ་གཏོང་གི་ཡོད་པ་དེས་ལྗིད་ཚད་མ་ཁྱོག་པར་པོ་ཏ་ལར་གནོད་སྐྱོན་ཐེབས་སྲིད་ཅེས་བོད་ནང་གི་བོད་པ་ཚོས་སེམས་འཚབ་དང་དངངས་འཚབ་བྱེད་ཀྱི་འདུག་ཅེས་མིང་དངོས་སུ་བརྗོད་འདོད་མེད་པའི་བོད་ནང་གི་འབྲེལ་ཡོད་མི་སྣ་གཉིས་ཀྱིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། དེང་སང་རྒྱ་ནག་གི་ས་གནས་གང་སར་ཏོག་དབྱིབས་ནད་དུག་བསྐྱར་ལོག་བརྒྱབ་སྟེ་འགྲོ་འོང་འགོག་གི་ཡོད་ཀྱང་བོད་ལ་ཉིན་ལྟར་རྒྱ་ནག་ནས་ཡུལ་སྐོར་བ་ཡོང་རྒྱུ་སྔར་ལས་ཇེ་མང་དུ་ཕྱིན་འདུག སྔོན་ཆད་པོ་ཏ་ལར་ཉིན་རེར་ཡུལ་སྐོར་བ་མི་གྲངས་བཞི་སྟོང་གི་ཚད་བཞི་གཏན་འབེབས་ཡོད་ཀྱང་ལྡབ་ཀྱིས་མང་དུ་བཏང་འདུག ཉིན་ལྟར་པོ་ཏ་ལར་ལྟ་སྐོར་དུ་འགྲོ་མཁན་ཚོས་ཆུ་ཚོད་གསུམ་བཞི་རེ་བང་རིམ་བསྒྲིག་དགོས་ཀྱི་འདུག ད་སྔ་བོད་ལ་ཏོག་དབྱིབས་ནད་པ་མེད་ཀྱང་སྲིད་གཞུང་གིས་ཡུལ་སྐོར་བ་བོད་ལ་གཏོང་རྒྱུ་བཀག་འགོག་མ་བྱས་ཚེ། བོད་ནང་ལ་ཏོག་དབྱིབས་ནད་དུག་ཁྱབ་སྲིད་པའི་ཉེན་ཁ་ཡོད་པར་མང་ཚོགས་ཀྱིས་ཞེད་སྣང་ཆེན་པོ་བྱེད་ཀྱི་འདུག ད་དུང་པོ་ཏ་ལར་ཉི་མ་རེ་རེར་ཚད་ལས་བརྒལ་བའི་ཡུལ་སྐོར་བ་དེ་འདྲ་མང་པོ་བཏང་ན་ལྗིད་ཚད་ཆེ་དྲགས་ཏེ་པོ་ཏ་ལར་གནོད་སྐྱོན་ཐེབས་སྲིད་པའི་སེམས་ཁྲལ་བྱེད་ཀྱི་འདུག་ཀྱང་སྲིད་གཞུང་གིས་དེ་ལ་དོ་སྣང་བྱེད་ཀྱི་ཡོད་ས་མ་རེད་ཅེས་འཁང་ར་བཤད། མི་གཞན་ཞིག་གིས་དེང་སང་ལོ་རེ་དང་ལོ་རེ་མི་འདྲ་བར་ལྷ་སར་རྒྱ་མི་ཡུལ་སྐོར་བ་ཧ་ཅང་མང་པོ་ཡོང་གི་འདུག དཔེར་ན་ཕོ་བྲང་པོ་ཏ་ལའི་རྒྱལ་སྒོ་ནས་ཤར་ཆེན་ལྕོག་བར་དུ་ཡུལ་སྐོར་བའི་བང་རིམ་ཆུ་ཚོད་བཞི་ལྷག་དང་ཤར་ཆེན་ནས་གཟིམ་ཆུང་བར་དུ་མཆོད་མཇལ་ལ་ཆུ་ཚོད་གཅིག་ལྷག་འགོར་གྱི་འདུག རྩེ་ཕོ་བྲང་ཧ་ལམ་བརྡིབ་མི་ཡོང་ངམ་སྙམ་པ་སྐྲག་སྣང་འདུག ཡུལ་སྐོར་བ་ཚོད་འཛིན་བྱས་ནས་གཏང་གི་ཡོད་ཟེར་བ་ནི་རྦད་དེ་རྫུན་གཏམ་རེད་ཅེས་བཤད།།

༢༠༢༠་ལོའི་ཕྱི་ཟླ་དང་པོའི་ཚེས་༢༧་ནས་ཏོག་དབྱིབས་ནད་དུག་སྔོན་འགོག་ཆེད་དུ་ཕོ་བྲང་པོ་ཏ་ལ་ཟླ་བ་༦་ཡས་མས་ཤིག་ལ་སྒོ་བརྒྱབ། ཕྱི་ཟླ་༧་པར་བསྐྱར་དུ་སྒོ་ཕྱེ་སྟེ་རྒྱ་ནག་ནས་ཉིན་ལྟར་རྒྱ་མི་ཡུལ་སྐོར་བ་སྟོང་ཕྲག་མང་པོ་འབྱོར་འགོ་ཚུགས། སྔ་ལོའི་ཕྱི་ཟླ་༨་ཚེས་༧་ཉིན་ཀྲུང་གོའི་བོད་ལྗོངས་དྲྭ་བར་ཕོ་བྲང་པོ་ཏ་ལ་སོགས་ཡུལ་སྐོར་བ་མང་ཤོས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བཞིན་ཡོད་སྟབས་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་པའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་༩་པ་ནས་༢་པ་བར་དུ་ཡིན། ཉིན་ལྟར་མི་༤༠༠༠་ལས་བརྒལ་བ་གཏོང་མི་ཆོག་ཅེས་བཀོད་ཡོད་ཀྱང་སྔ་ལོ་ཕྱི་ཟླ་༨་པའི་ཚེས་༡༠་ནས་ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་༥༠༠༠་གཏོང་ཆོག མི་༥༠༠༠་ལས་མང་བ་བྱུང་ན་མི་༦༠༠་ཁ་སྣོན་གཏང་ཆོག་ཅེས་རྒྱ་གཞུང་གིས་ཐག་བཅད།།

བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་གྱི་ངོ་དེབ་ཐོག་ཏུ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁང་གིས་པོ་ཏ་ལའི་བདེ་འཇགས་ལ་དམིགས་ནས་ཡུལ་སྐོར་བའི་གྲངས་ཚད་སྔ་ཕྱིར་ཁས་ལེན་བྱས་པར་འགྱུར་བ་བཏང་ཡོད་པ་ལུང་འདྲེན་བྱས་ནས་རྩོམ་ཡིག་སྤེལ། རྩོམ་ཡིག་དེར་སྔ་ལོ་ཕྱི་ཟླ་༧་པའི་ཟླ་དཀྱིལ་གྱི་བརྡ་ཁྱབ་ནང་དུ་ཉིན་རེར་མི་གྲངས་༤༠༠༠་ཡན་རེད་ཅེས་བྲིས་ཡོད་པ་དང་ལོ་བདུན་གྱི་གོང་གི་མི་དམངས་ཉིན་རེའི་ཚགས་པར་གྱིས་ཕོ་བྲང་པོ་ཏ་ལར་དཔེ་རུ་དྲངས་ནས་ལྷ་སར་ཚད་ལས་བརྒལ་བའི་ཚོང་ལས་སྤེལ་རྒྱུ་མིན་པའི་ཁས་ལེན་བྱས་པ་ཡོད་པ་སྟེ། ཕོ་བྲང་པོ་ཏ་ལར་ཉིན་རེའི་ཡུལ་སྐོར་བར་སྣེ་ལེན་བྱེད་པའི་ནུས་པ་དེ་མི་གྲངས་༢༦༠༠་ལས་མེད་ཞེས་བཀོད། ཕྱི་ལོ་༢༠༠༣་ལོར་ཕོ་བྲང་པོ་ཏཱ་ལའི་དོ་དམ་ལས་ཁང་གིས་ཉིན་རེར་མི་གྲངས་༨༥༠་ལས་མི་བརྒལ་བའི་ཁས་ལེན་བྱས་ཤིང་། དེ་ལྟར་མ་བྱས་ན་ས་དང་ཤིང་ལས་གྲུབ་པའི་བཟོ་བཀོད་ལྡན་པའི་ཕོ་བྲང་པོ་ཏཱ་ལས་ཐེག་མི་ཐུབ་ཅེས་བཀོད་ཡོད་པ་རྣམས་གསལ་སྟོན་བྱས་འདུག ཉེ་ཆར་ཕོ་བྲང་པོ་ཏ་ལའི་དོ་དམ་ལས་ཁུངས་ཀྱིས་ཕོ་བྲང་པོ་ཏ་ལའི་དབྱིག་ནོར་ཁང་ཟེར་བའི་གནའ་དངོས་འགྲེམ་སྟོན་ཁང་དེ་ཕྱི་ཟླ་༨་ཚེས་༣་ནས་བཟུང་གནས་སྐབས་རིང་སྒོ་རྒྱག་རྒྱུ་ཡིན་པའི་བརྡ་ཁྱབ་ཤིག་སྤེལ་འདུག་པ་བཅས་ཀྱི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG