ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༣/༡༩

འབྲུག་པའི་གསར་འགོད་པ་ཚོས་ཆེད་ལས་བསྐྱུར་ཏེ་ནུབ་ཕྱོགས་སུ་ཐར་ཐབས། 


༄༅།། འབྲུག་ཡུལ་ལ་ཏོག་དབྱིབས་ནད་ཡམས་འཇོམས་པའི་རྗེས་སུ་གསར་འགོད་པ་ཚོས་རང་གི་ཆེད་ལས་བསྐྱུར་ནས་ཨོ་གླིང་དང་ཁེ་ན་ཌ། ཨ་རི་བཅས་ལ་ཐར་ཐབས་སུ་འབད། འབྲུག་ཡུལ་གྱི་གསར་འགྱུར་ལས་ཁུངས་ཁག་ལ་ཉམས་མྱོང་ཅན་གྱི་གསར་འགོད་པ་རྣམས་ཇེ་དཀོན་དུ་ཕྱིན་ཏེ་དཀའ་ངལ་འཕྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢་ཉིན་འབྲུག་ཡུལ་གྱི་ཀུན་གསལ་གསར་ཤོག་ལ་གནས་ཚུལ་ཐོན་པ་ལྟར་ན། ད་སྔ་འབྲུག་གཞུང་གིས་ཞིབ་འཇུག་བྱས་ནས་གསར་འགོད་པ་དང་སྲི་ཞུ་བ་ཅི་ཙམ་གྱིས་དགོངས་པ་ཞུས་པ་ནས་ཨོ་གླིང་དང་ཁེ་ན་ཌ། ཨ་རི་སོགས་ལ་ཕྱིན་པའི་གཞི་གྲངས་གསལ་པོ་ཞིག་འདོན་ཐུབ་མེད་ཀྱང་འབྲུག་ཡུལ་གྱི་གསར་འགོད་པ་ཚོར་གླ་ཕོགས་དམའ་བ་དང་མཐུན་རྐྱེན་ཞན་པ། ལས་ཚེགས་ལྕི་བ་བཅས་ཀྱིས་གསར་འགོད་པ་ཚོ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བསྐྱོད་ནས་ལས་རིགས་གཞན་པ་གཉེར། གསར་འགོད་པ་ཚོས་གླ་ཕོག་དང་ཐོབ་ཐང་ཡག་ས། ཆེད་ལས་ཀྱི་ཕུགས་རྩ་བརྟན་པོ་ཞིག་འཚོལ་གྱི་འདུག ད་ལོ་གཅིག་པུར་འབྲུག་ཡུལ་གྱི་ཚོང་ལས་ཚགས་པར་ཁང་གི་གསར་འགོད་པ་གཉིས་ཀྱིས་དགོངས་པ་ཞུས་ཟིན་འདུག་ཅེས་གནས་ཚུལ་སྤེལ་འདུག

འབྲུག་ཡུལ་གྱི་ཚོང་ལས་གསར་ཁང་གིས་རྩོམ་སྒྲིག་པ་ཨོ་རྒྱན་བསྟན་འཛིན་གྱིས་ཀུན་གསལ་གསར་ཁང་ལ་བཤད་པ་ལྟར་ན། ཁོ་ཚོའི་གསར་འགོད་པ་ཚོ་ཨོ་གླིང་ལ་ཤོར་ནས་དཀའ་ངལ་འཕྲད་ཀྱི་ཡོད་པ་དང་འབྲུག་ཡུལ་གྱི་གསར་འགོད་པ་རྣམས་ཕྱི་ལ་སྐྱོད་ཀྱི་ཡོད་པའི་གྲངས་འབོར་ནི་སྔོན་མ་ལས་ཇེ་མང་རེད། གསར་འགོད་པ་ཉམས་མྱོང་ཅན་མང་པོས་རང་གི་ཆེད་ལས་བསྐྱུར་ནས་ཨོ་གླིང་དུ་སློབ་སྦྱོང་ལ་བསྐྱོད་པའམ། ཡང་ན་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལས་ཀ་འཚོལ་དུ་སྐྱོད་ཀྱི་འདུག དེའི་རྒྱུ་མཚན་ནི་འབྲུལ་ཡུལ་དུ་ཡུལ་ཐང་འཕར་བ་དང་ཕྱི་རྒྱལ་གྱི་འཚོ་བའི་གནས་ཚད་མཐོ་བས་མི་ཚང་མས་གོ་སྐབས་གསར་པ་འཚོལ་བར་བརྩོན། འབྲུག་ཡུལ་གྱི་སྒེར་གཉེར་གསར་འགྱུར་ལས་ཁུངས་ཁག་གིས་གསར་འགོད་པའི་ལས་འགན་ལ་དཔགས་པའི་གླ་ཕོགས་དང་ཁེ་ཕན་སྤྲོད་མི་ཐུབ་ཅིང་། གསར་འགོད་པ་ཉམས་མྱོང་ཅན་ཞིག་ཤོར་ན་དེའི་གསར་འགྱུར་གྱི་འབྱུང་ཁུངས་དང་འབྲེལ་བ་རྣམས་དངུལ་སྒོར་གྱིས་ཉོ་ཐུབ་པ་ཞིག་མ་རེད། ང་ཚོ་རྩོམ་སྒྲིག་ཚོགས་ཆུང་གིས་འཛིན་སྐྱོང་སྡེ་ཚན་ཁག་ལ་གསར་འགོད་པ་རྣམས་རྒྱུན་གནས་ཐུབ་ཐབས་སུ་གླ་ཕོགས་སྤར་ཏེ་ཁེ་ཕན་སྤྲོད་དགོས། དེ་ལྟར་བྱུང་ན་གསར་འགོད་པ་ཉམས་མྱོང་ཅན་ཚོ་ཕྱི་རུ་མི་འཆོར་བའི་ཕན་ཐོགས་ཡོད་པའི་སྙན་ཞུ་ཕུལ་བ་ཡིན་ཞེས་བཤད།།

འབྲུག་པ་གསར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་ལམ་བཟང་གིས་ལོ་འདིར་ང་ཚོའི་གསར་འགོད་པ་གཅིག་ཕྱིན་སོང་། ང་ཚོའི་གསར་ཁང་གི་གསར་འགོད་པ་མང་པོ་ཕྱིན་མ་སོང་མོད། འོན་ཀྱང་འབྲུག་ཡུལ་གྱི་གསར་འགོད་པ་ཚོ་ཕྱི་ལ་སྐྱོད་ཀྱི་ཡོད་པའི་གྲངས་འབོར་ནི་མང་པོ་ཡིན་པ་འདྲ། གསར་འགོད་ལས་རིགས་འདི་དཀའ་ངལ་ཆེ་བའི་ལས་རིགས་ཤིག་ཡིན་པ་དང་ཆེད་ལས་འདིར་ཁེ་ཕན་ལས་ཀྱང་ཉེན་ཁ་ཆེ་བ་འཕྲད་ཀྱི་རེད། མི་ཞིག་གིས་ལས་རིགས་གཅིག་གཉེར་ནས་ཡུན་རིང་བསྡད་ཀྱང་ཆེད་ལས་འདིར་མདུན་ལམ་བརྟན་པོ་ཞིག་ཡོད་དཀའ། འབྲུག་ཡུལ་གྱི་གསར་འགྱུར་ཁྲོམ་ར་ཆུང་དྲགས་པ་དང་གསར་ཁང་འགའ་ཞིག་གིས་ཚོང་བསྒྲགས་འབའ་ཞིག་ལ་བརྟེན་ནས་རང་ཁ་གསོ་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན། ལོ་གཅིག་གི་ནང་དུ་འབྲུག་ཡུལ་གྱི་གསར་འགོད་པ་དང་ལས་རིམ་བཀོད་སྒྲིག་པ། པར་པ་དང་རྩོམ་སྒྲིག་པ་སོགས་མི་༦༠་ཡས་མས་ཤིག་ཨོ་གླིང་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་སློབ་སྦྱོང་དང་ལས་ཀ་འཚོལ་དུ་བསྐྱོད་ཟིན་པར་མ་ཟད། ལོ་འདིར་འབྲུག་ཡུལ་གྱི་རྒྱང་སྲིང་ལས་ཁུངས་ཀྱིས་གསར་འགོད་པ་༦་བསྡུས་པ་དང་ལོ་རྗེས་མར་ཡིག་རིས་ཇུས་འགོད་པ་དང་འཕྲུལ་ལས་པ། གསར་འགོད་པ་དང་བརྙན་འཕྲིན་རྒྱག་སྒྲོགས་པ། རླུང་འཕྲིན་བཀོད་འདོམས་པ་སོགས་བསྡུ་དགོས་པའི་གནས་ཚུལ་ཐོན།།

འབྲུག་རྒྱང་སྲིང་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་ཀ་ཀ་ཚེ་རིང་གིས་ང་ཚོས་འཛིན་སྐྱོང་ཚན་པར་ལས་བྱེད་པ་གསར་པ་བསྡུས་ནས་སྦྱོང་བརྡར་སྤྲོད་དུ་འཇུག་གི་ཡོད། ལོ་རྗེས་མར་འབྲུག་ཡུལ་གྱི་གྲོས་ཚོགས་འཐུས་མིའི་འོས་བསྡུ་བྱེད་ཀྱི་ཡོད་པས་འོས་འདེམས་ཀྱི་སྐབས་དེར་འབྲུག་རྒྱང་སྲིང་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་དགོངས་པ་ཞུས་ཀྱང་གནང་བ་སྤྲོད་རྒྱུ་མིན་ཞེས་བསྒྲགས། འབྲུག་ཡུལ་གྱི་ཆ་འཕྲིན་དང་གསར་འགྱུར་སྟངས་འཛིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེང་སྐབས་འབྲུག་ཡུལ་དུ་འབྲུག་གི་དུས་བབ་དང་དེ་རིང་གི་འབྲུག འབྲུག་གི་ཚོང་ལས་དང་རྒྱལ་སྤྱིའི་གསར་ཤོག ཀུན་གསལ་དང་འབྲུག་པ། གསར་འགོད་པ་བཅས་གསར་ཤོག་རིགས་མ་འདྲ་བ་༧་དང་བརྙན་འཕྲིན་ཁང་གཅིག རླུང་འཕྲིན་ཁང་༥་བཅས་ཡོད་པ་དང་འབྲུག་གི་དུས་བབ་ཚགས་པར་གྱི་རྩོམ་སྒྲིག་འགན་འཛིན་བསོད་ནམས་དཔལ་འབྱོར་གྱིས་ལོ་འདིར་འབྲུག་གི་དུས་བབ་ཚགས་པར་ཁང་གི་གསར་འགོད་པ་༣་གྱིས་དགོངས་པ་ཞུས་སོང་། ཚགས་པར་ལས་ཁུངས་སུ་ལས་བྱེད་པ་ཉུང་བའི་རྐྱེན་གྱིས་ལས་དོན་བསྒྲུབ་དཀའ་བ་འདུག ང་ཚོའི་གསར་འགྱུར་ནང་དུ་གནས་ཚུལ་སྣ་འཛོམས་འགོད་ཐུབ་ཀྱི་མི་འདུག་ཅེས་སྡུག་སྐད་བརྒྱབ།།

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༡༩་ཉིན་ཌིབ་ལོ་མེ་ཊི་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ཐོག་མར་༡༩༦༢་ལོར་འབྲུག་ཡུལ་དང་ཨོ་གླིང་གཉིས་ཀྱི་འབྲེལ་བ་ཚུགས། ལོ་༦༠་ཐམ་པའི་རྗེས་སུ་ཨོ་གླིང་རྒྱལ་ཡོངས་སུ་འབྲུག་པ་ཁྲི་ཚོ་༣་ལྷག་འདུས། ཨོ་གླིང་གཞུང་གིས་ལོ་རབས་༩༠་པའི་མཇུག་དང་སྟོང་ལོ་གསར་པའི་མགོ་སྟོད་ནས་འབྲུག་ཡུལ་གྱི་མིའི་ནུས་ཤུགས་ཡར་རྒྱས་གཏོང་རྒྱུའི་རྒྱབ་སྐྱོར་དང་རོགས་སྐྱོར་བསྒྲུབས། ཨོ་གླིང་ནི་འབྲུག་པ་ཚོ་རྒྱལ་སྤྱིའི་ཡུལ་གྲུ་ཁག་གི་གྲས་སུ་སློབ་སྦྱོང་དུ་བསྐྱོད་ཡུལ་གཙོ་བོ་ཞིག་ཏུ་གྱུར། ད་ལྟའི་འབྲུག་ཡུལ་གྱི་གཞུང་འཛིན་ཚོགས་པའི་མཐོ་རིམ་ལས་སྣེ་འགའ་ཞིག་ཨོ་གླིང་གི་སློབ་ཆེན་ཁག་ནས་ཐོན། ཨོ་གླིང་དུ་གནས་འཁོད་འབྲུག་པ་ཚོས་རང་ཡུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་འབྱུང་གི་ཡོད་ཀྱང་འབྲུག་ཡུལ་གྱི་སྨན་པ་དང་ཤེས་ཡོན་སློབ་གསོ། སྤྱི་དམངས་སྲི་ཞུའི་ལས་རིགས་ཁག་གི་མི་འཇོན་པོ་རྣམས་ཕྱི་ལ་ཤོར་གྱི་ཡོད་པ་ནི་གྱོང་གུད་ཆེ། ༢༠༢༡་ལོར་འབྲུག་རྒྱལ་ཡོངས་ཀྱི་གཞུང་གི་ལས་ཁུངས་ཁག་གི་སྲི་ཞུ་བ་༨༠༠་ལྷག་གིས་རང་རང་གི་ལས་གནས་ཁག་ནས་དགོངས་པ་ཞུས། འབྲུག་ཡུལ་གྱི་གསར་འགྱུར་ལས་ཁུངས་ཁག་གིས་འབྲུག་པའི་ན་གཞོན་ཚོ་ཅིའི་ཕྱིར་ཕྱི་རྒྱལ་ལ་སྐྱོད་ཀྱི་ཡོད་པ་རེད། འབྲུག་ཡུལ་ནི་བདེ་ལྡན་ཞིང་ཞིག་མིན་ནམ། འབྲུག་པའི་སྤྱི་དམངས་རྣམས་མ་རྩ་རིང་ལུགས་ཀྱི་འཕྲུལ་འཁོར་གྱི་ལྷུ་ལག་ཅིག་ཏུ་ཅིའི་ཕྱིར་འགྱུར་དུ་འཇུག་གི་ཡོད་པ་རེད་ཅེས་དྲིས་ཚེ། འབྲུག་པ་སྐད་ཆ་འདྲི་ཡུལ་ཐམས་ཅད་ཀྱིས་རང་ཡུལ་དུ་གོ་སྐབས་མི་འདུག་ཅེས་ལན་འདེབས་གཅིག་མཚུངས་ཤིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG