ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁྲིམས་རྩོད་པར་ཁྲིམས་ཡིག་རྫུན་བཟོ་བྱ་དགོས་པའི་ངན་སྐུལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ལེན་ཆཱི་ལི་ནི་བོད་པ་ཨ་ཉ་སེང་སྒྲའི་ཁྲིམས་རྩོད་པ་ཡིན་ཞིང་། ཨ་ཉ་སེང་སྒྲར་ནག་ཉེས་ཡོད་ཅེས་ངོས་ལེན་དང་ཁྲིམས་ཡིག་རྫུན་མ་བཟོ་དགོས་ཞེས་ས་གནས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་རྩོད་པར་ངན་སྐུལ་བྱེད་བཞིན་པ་རེད།

ཚེས་༡༩་ཉིན་པེ་ཅིན་དུ་གནས་འཁོད་ཁྲིམས་རྩོད་པ་ལེན་ཆཱི་ལིས་རང་གི་ཊོས་ཊར་དྲྭ་ལམ་དང་ཐོབ་ཐང་སྲུང་སྐྱོབ་ཅེས་པའི་རྒྱ་ཡིག་གི་དྲྭ་ཚིགས་སོགས་སུ་ཟིན་ཐོ་སྤེལ་ཏེ་མགོ་ལོག་དགའ་བདེ་རྫོང་ཁོངས་ཀྱི་ས་གནས་སྲིད་གཞུང་དང་གཞུང་འབྲེལ་དཔོན་རིགས་ཚོའི་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་ཨ་ཉ་སེང་སྒྲར་སྤྱི་ཟླ་༡༠་པའི་ཚེས་༡༥་ནས་ཉིན་གསུམ་ལ་མགོ་ལོག་དགའ་བདེ་རྫོང་མི་དམངས་ཁྲིམས་ཁང་ཞེས་པས་ཁྲིམས་བཤེར་བྱ་རྒྱུར་ཁྲིམས་ར་འཚོགས་རྒྱུའི་ཐག་གཅོད་བྱུང་མོད། འོན་ཀྱང་ད་ལྟའི་བར་དུ་ཁྲིམས་ར་འཚོགས་མེད་པར་མ་ཟད། དགའ་བདེ་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་རྩོད་པར་ཁ་པར་བཏང་ནས་ཨ་ཉ་སེང་སྒྲ་ནི་མི་མང་ལ་མགོ་སྐོར་གཏོང་མཁན་ཡིན་པས་གོང་རིམ་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུ་མིན་དང་མི་དེའི་ཁྲིམས་རྩོད་པ་བྱ་རྒྱུ་ཡང་མཚམས་འཇོག་བྱ་རྒྱུ་ཡིན་ཞེས་ཁྲིམས་རྩོད་པར་ཡིག་ཆ་རྫུན་མ་འབྲི་དགོས་པའི་ངན་སྐུལ་བྱས་ཡོད་འདུག ཡིན་ནའང་ཁྲིམས་རྩོད་པས་མུ་མཐུད་དུ་ཨ་ན་སེང་སྒྲ་ལ་ནག་ཉེས་མེད་པར་དག་འབུད་བྱེད་པར་ཁྲིམས་བཤེར་གྱི་ཁྲིམས་ར་འཚོགས་རྒྱུའི་རེ་བ་བཏོན་འདུག

མགོ་ལོག་དགའ་བདེ་རྫོང་སྐྱང་ཆད་ཡུལ་ཚོའི་ཨ་ཉ་སེང་སྒྲས་སྤྱི་ལོ་༢༠༡༤་ལོ་ནས་ས་གནས་འབྲོག་དམངས་ཀྱི་སྣེ་ཁྲིད་དེ་ས་གནས་གཞུང་གིས་གཞུང་དངུལ་སྒེར་བདག་བྱེད་བཞིན་པ་དང་། ཁོར་ཡུག་སྲུང་སྐྱོབས་ཀྱི་གཞུང་ཁྲིམས་བརྩི་མེད་བཏང་གཏེར་ཁ་གང་བྱུང་སྔོག་འདོན། རི་དྭགས་རྔོན་བཞིན་པ་བཅས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་རྫོང་སྤྱི་བདེ་ལས་ཁུངས་ཀྱིས་འཛིན་བཟུང་བྱས་ནས་ལོ་གཅིག་ལྷག་ལ་བཙོན་དུ་བཅུག བཙོན་གྲོལ་ཐོབ་པའི་རྗེས་སུ་མུ་མཐུད་དུ་མང་ཚོགས་ཀྱི་སྣེ་ཁྲིད་ནས་ས་གནས་དཔོན་རིགས་ཚོའི་རུལ་སུངས་ཀྱི་བྱ་སྤྱོད་ལ་ངོ་རྒོལ་བྱས་པས་ཁོ་པ་སླར་ཡང་སྤྱི་ལོ་༢༠༡༨་ལོའི་སྤྱི་ཟླ་༩་པར་འཛིན་བཟུང་བྱས་ནས་ད་ལྟའི་བར་དུ་ཁྲིམས་བཤེར་མ་བྱས་པར་ཁྲིམས་འགལ་ངང་དུ་བཀག་ཉར་བྱེད་བཞིན་པ་རེད།

XS
SM
MD
LG