ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༢/༢༤

ལ་དྭགས་སུ་འཁྱག་རོམ་གསར་བཟོ་དང་ཆུའི་དཀའ་ངལ་སེལ་ཐབས།


Photo Ice Stupa Artificial Glacier Project
Photo Ice Stupa Artificial Glacier Project

༄༅།། ལོ་ཤས་གོང་ནས་རྒྱ་གར་བྱང་ཕྱོགས་ཀྱི་ལ་དྭགས་ཁུལ་དུ་ཞིང་པ་ཚོས་དགུན་ཁར་གནམ་གཤིས་གྲང་བའི་དུས་སུ་རྒྱུག་ཆུ་དྲངས་ཏེ་འཁྱག་རོམ་གསར་བཟོ་དང་ཆར་ཆུ་དཀོན་པའི་དུས་སུ་ཆུའི་དཀའ་ངལ་སེལ་བའི་ཐབས་ཇུས་གསར་པ་ཞིག་རྙེད་ཡོད་ཅིང་། ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་ཡུ་རོབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འཁྱག་རོམ་དེ་དག་གི་བཟོ་དབྱིབས་ནི་མཆོད་རྟེན་འདྲ་པོ་ཡོད་པས་ས་གནས་མི་མང་གིས་དེ་ལ་འཁྱག་པའི་མཆོད་རྟེན་ཞེས་མིང་བཏགས། དགུན་གྱི་དུས་སུ་རྒྱུག་ཆུ་རྣམས་དྲངས་ནས་འཁྱག་རོམ་ལ་བསྒྱུར་པ་དང་དཔྱིད་ཁར་འཁྱག་རོམ་དེ་རྣམས་རིམ་གྱིས་ཞུ་སྟེ་རྒྱུག་ཆུ་ལ་འགྱུར་ནས་ཞིང་པ་ཚོར་ཕན་ཐོགས་ཆེན་པོ་འབྱུང་གི་འདུག ལོ་ལྟར་དབྱར་གྱི་དུས་སུ་ལ་དྭགས་སུ་ཆ་མཉམ་ཆར་ཆུ་མཱི་ལི་མཱི་ཊར་༥༠་ཡས་མས་རེ་ལས་འབབ་ཀྱི་མེད་པས་ཞིང་པ་ཚོ་མཐའ་གཅིག་ཏུ་དགུན་ཁའི་ཁ་བར་བརྟེན་དགོས་ཤིང་། ཉེ་བའི་ལོ་ཤས་ཤིག་ནས་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་ཐེབས་པའི་སྟབས་ཀྱིས་ལ་དྭགས་ཀྱི་ས་གནས་ཁག་གི་སྲིད་པའི་འཁྱག་རོམ་རྣམས་མྱུར་དུ་ཞུ་བཞིན་ཡོད་པ་དང་དཔྱིད་ཀྱི་དུས་སུ་ཆར་ཆུ་དཀོན་པོ། དབྱར་དུས་ཚད་པ་ཆེ་བ་བཅས་ཀྱིས་ཞིང་འབྲོག་མང་ཚོགས་ལ་ཆུའི་དཀའ་ངལ་ཡོད་པ་སྔར་ལས་ཆེ་རུ་འགྲོ་བཞིན་འདུག་ཅེས་གནས་ཚུལ་སྤེལ་འདུག

Photo Ice Stupa Artificial Glacier Project
Photo Ice Stupa Artificial Glacier Project

འཁྱག་པའི་མཆོད་རྟེན་གསར་བཟོའི་ལས་གཞི་འདི་༢༠༡༣་ལོར་ལོ་དྭགས་ཀྱི་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་མགོ་བརྩམས། ཁོང་གིས་འཁྱག་པའི་མཆོད་རྟེན་གྱི་མཐོ་ཚད་དེ་རྣམས་ཁང་པ་ཐོག་བརྩེགས་གཉིས་ཅན་ཞིག་གསར་བཟོ་བྱས་ནས་ཆུ་ལི་ཊར་༡༥༠༠༠༠་འཁྱག་རོམ་ལ་བསྒྱུར། ལ་དྭགས་པ་ཚོར་ཕྱི་ཟླ་༤་པ་ནས་༥་པའི་བར་དུ་ཆར་ཆུ་དཀོན་པའི་སྐབས་སུ་འཁྱག་རོམ་གྱི་མཆོད་རྟེན་རྣམས་ཞུ་རུ་བཅུག་སྟེ་རྫ་མགོའི་གངས་ཆུ་མ་བབས་བར་དུ་ཆུའི་དཀའ་ངལ་སེལ་ཐུབ་ཀྱི་ཡོད་ཅིང་། འདི་ནི་འཛམ་གླིང་ཡུལ་གྲུ་གང་སར་འཐུང་ཆུ་དང་ཞིང་ཆུ་འདང་ངེས་མེད་པའི་ས་ཁུལ་ཁག་ལ་མིག་དཔེ་བཟང་པོ་ཞིག་ཏུ་གྱུར། ལ་དྭགས་ཀྱི་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་གསར་གཏོད་བྱས་པའི་འཁྱག་པའི་མཆོད་རྟེན་རྣམས་མཐོ་ཚད་མཱི་ཊར་༣༠་ནས་༥༠་ཡས་མས་རེ་ཡོད་པ་དང་འཁྱག་པའི་མཆོད་རྟེན་དེ་རྣམས་ཆར་ཆུ་དཀོན་པའི་གྲོང་གསེབ་ཁག་གི་ཉེ་འཁྲིས་སུ་བཟོ་ཐུབ། འཁྱག་པའི་མཆོད་རྟེན་གྱི་ལས་གཞིའི་རུ་ཁག་གི་ལས་སྣེ་ཚོས་ཞིང་ཆུ་གསོག་འཇོག་གི་ཐབས་ཇུས་འདིར་འགྲོ་གྲོན་དང་དཀའ་ཚེགས་ཆུང་བ། གྲོང་གསེབ་ཁག་ལ་ཕན་ཐོགས་ཆེ་བ་དང་དེ་ལ་འགྲོ་གྲོན་ཞིག་གཏོང་དགོས་པ་ནི་མཐོ་སྒང་ཞིག་ནས་གྲོང་གསེབ་ཁག་གི་འཁྲིས་བར་དུ་ས་འོག་ནས་ཆུ་འདྲེན་ལྕགས་སྦུག་ཅིག་འཐེན་དགོས་ཀྱི་འདུག་ཅེས་བཀྲལ།།

Photo Ice Stupa Artificial Glacier Project
Photo Ice Stupa Artificial Glacier Project

འཁྱག་པའི་མཆོད་རྟེན་བཟོས་མ་དེའི་བཟོ་དབྱིབས་རྣམས་གྱེན་ལངས་ཡིན་པའི་རྐྱེན་གྱིས་ཉི་འོད་ཤུགས་ཆེན་པོ་ཞིག་འཕོག་མི་ཐུབ་པར་འཁྱག་རོམ་ཡུན་གནས་ཐུབ་པའི་དགེ་མཚན་ཆེ། ཕྱི་ཟླ་༤་པ་དང་༥་པ་གཉིས་ལ་འཁྱག་རོམ་བཟོས་མ་རྣམས་ཞུ་ནས་ཆར་ཆུ་དཀོན་པའི་ས་གནས་ཁག་གི་དཀའ་ངལ་སེལ། ཕྱི་ཟླ་༦་པ་ནས་རྫ་མགོའི་གངས་རྣམས་ཞུ་སྟེ་ཆུའི་དཀའ་ངལ་སེལ་ཐུབ་ཀྱི་ཡོད་པའི་གནས་ཚུལ་ཐོན། འཁྱག་པའི་མཆོད་རྟེན་གསར་བཟོའི་ལས་གཞི་འདི་དབྱིན་ཇིའི་སི་ཀོ་ཊི་ལན་ཌིའི་ཨ་བྷེར་ཌིན་སློབ་གྲྭ་ཆེན་མོ་དང་རྒྱ་གར་གྱི་ཇཱ་ཝཱ་ལལ་ནེ་རུ་སློབ་ཆེན་གཉིས་ཀྱི་ཚན་རིག་པ། ལ་དྭགས་ཀྱི་ཚན་རིག་པ་རྣམས་མཉམ་འབྲེལ་གྱིས་གསར་གཏོད་བྱས་པའི་ལས་གཞི་ཞིག་ཡིན་ཞིང་། ཁོ་ཚོས་ཤིང་དང་ལྕགས་ཀྱི་སྒྲོམ་གཞི་ཞིག་བསླངས་ནས་དེའི་ཐོག་ཏུ་རྒྱུག་ཆུ་གཏོར། དགུན་གྱི་གྲང་ངད་ཁྲོད་དུ་འཐོར་ཆུ་རྣམས་འཕྲལ་དུ་འཁྱག་པར་འགྱུར། ལ་དྭགས་ཀྱི་ས་གནས་མི་མང་གིས་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། དེང་སྐབས་ལ་དྭགས་པ་ཚོས་དགུན་གྱི་དུས་སུ་རྒྱུག་ཆུ་ལི་ཊར་ས་ཡ་༢་དང་ཕྱེད་ཀ་རེ་འཁྱག་རོམ་ལ་བསྒྱུར་ནས་གསོག་འཇོག་བྱེད་ཐུབ་ཀྱི་ཡོད་པར་མ་ཟད། ལ་དྭགས་ཀྱི་ཕྱི་དབང་ལུང་གཤོང་དུ་འཚོ་གནས་བྱེད་བཞིན་པའི་ཁྱིམ་ཚང་༤༠༠་ལྷག་ལ་འཁྱག་རོམ་གསར་བཟོའི་ལས་གཞི་དེས་ཕན་ཐོགས་བྱུང་འདུག

བཀའ་བརྒྱུད་རིག་མཛོད་ཆེན་མོར་གནས་ཚུལ་འཁོད་པ་ལྟར་ན། འབྲི་གུང་སྐྱབས་མགོན་ཆེ་ཚང་གིས་ལ་དྭགས་ཀྱི་ས་གནས་མང་དག་ཅིག་ལ་འཁྱག་རོམ་གསར་བཟོའི་ཚོགས་པ་དུ་མ་ཞིག་བཙུགས། ཁོང་གིས་ཆུ་དཀོན་པའི་ས་གནས་ཁག་ལ་འཁྱག་པའི་མཆོད་རྟེན་གསར་བཟོ་དང་ཚོགས་པ་དེ་དག་བརྒྱུད་ནས་ལ་དྭགས་ཁུལ་དུ་ཤིང་སྡོང་འབུམ་ཕྲག་ཁ་ཤས་འདེབས་འཛུགས་གནང་ཡོད་པའི་གནས་ཚུལ་བཀོད་འདུག ཨ་བྷེར་ཌིན་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨན་ཤུ་མན་བར་ཌ་ཝ་ཇཱིས་སྲིད་པའི་གངས་རི་དང་འཁྱག་རོམ་རྣམས་ཞུ་བའི་རྗེས་སུ་འཁྱག་རོམ་གྱི་མཆོད་རྟེན་གསར་བཟོ་བྱ་རྒྱུའང་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་རེད། དེས་ན་འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ཏེ་ཚ་དྲོད་རྒྱས། ལོ་སྟོང་ཕྲག་མང་པོར་མ་ཞུ་བའི་སྲིད་པའི་གངས་རྒན་དང་འཁྱག་རོམ་རྣམས་ཡུན་གནས་ཐུབ་པའི་འབད་བརྩོན་བྱ་དགོས། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་འགྱུར་ནས་ཚ་དྲོད་འཕེལ་གྱི་ཡོད་པ་ཇི་ལྟར་འགོག་དགོས་མིན་ལ་ཞིབ་འཇུག་དང་བསམ་བློ་གཟབ་ནན་གཏོང་དགོས་ཀྱི་འདུག་ཅེས་བསྟན། རི་བོ་ཧི་མ་ལ་ཡའི་གངས་རི་རྣམས་ཞུ་ན་རྒྱ་དཀར་ནག་གཉིས་དང་བྷང་ག་ལ། པ་ཀི་སི་ཐན་དང་འབར་མ། ལའོ་སི་དང་ཐེ་ལན་ཌི་སོགས་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་མི་གྲངས་དུང་ཕྱུར་མང་པོར་ཆུའི་དཀའ་ངལ་འཕྲད་རྒྱུ་ལྡོག་ཏུ་མེད་པ་རེད།།

XS
SM
MD
LG