ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

རྒྱ་གར་ལ་རྡོ་སོལ་འདང་ངེས་མེད་པར་གློག་ཆད་ཉེན། 


༄༅།། དེང་སྐབས་རྡོ་སོལ་འདང་ངེས་མེད་པར་གློག་ཆད་ཀྱི་ཡོད་པ་ནི་རྒྱ་ནག་གཅིག་པུ་མིན་པ་སྟེ། རྒྱ་གར་ལའང་རྡོ་སོལ་གྱིས་གློག་ཤུགས་མཁོ་འདོན་བྱེད་ཀྱི་ཡོད་པའི་གློག་ཁང་༡༣༥་ཡོད་པ་དེ་དག་གི་བརྒྱ་ཆ་༨༠་ཐམ་པར་ཉི་མ་༨་ཡས་མས་ཤིག་ལ་འདང་བའི་རྡོ་སོལ་ལས་མེད་ཅིང་། གལ་སྲིད་རྒྱ་གར་ལ་རྒྱ་ནག་ལྟར་གློག་ཆད་ན་ཏོག་དབྱིབས་ནད་ཡམས་གཞུག་ཏུ་རྒྱ་གར་གྱི་དཔལ་འབྱོར་སླར་གསོ་འབྱུང་གི་ཡོད་པར་གནོད་སྐྱོན་ཚབས་ཆེན་ཞིག་འཕོག་གི་རེད་ཅེས་གནས་ཚུལ་སྤེལ་འདུག ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གྱི་གློག་གི་འབྱུང་ཁུངས་བརྒྱ་ཆ་༧༠་ཡས་མས་ཤིག་རྡོ་སོལ་གྱི་ནུས་ཤུགས་ལ་བརྟེན་འདུག འདས་པའི་ལོ་བཞིའི་རིང་རྒྱ་གར་གྱི་གློག་ཁང་ཁག་གིས་རྡོ་སོལ་གསོག་འཇོག་བྱས་པའི་གྲངས་འབོར་ལ་བསྡུར་ཚེ། ད་ལྟ་རྒྱ་གར་གྱི་རྡོ་སོལ་གློག་ཁང་ཁག་ལ་ཆ་སྙོམས་ཉི་མ་༡༨་ལ་འདང་བའི་རྡོ་སོལ་ལས་མེད་པའི་གཞི་གྲངས་བཏོན། རྒྱ་གར་གྱི་ཉམས་ཞིབ་པ་ཧེ་ཏལ་གྷན་དྷིས་ཕྱི་ཟླ་༡༢་པའི་མཚམས་སུ་རྡོ་སོལ་གྱི་ཐོན་སྐྱེད་གསོག་འཇོག་ཉི་མ་༨་ནས་༡༠་བར་དུ་འདང་བ་ཞིག་མཁོ་འདོན་བྱེད་ཐུབ་ས་རེད། འོན་ཀྱང་ཕྱི་ཟླ་༣་པའི་མཚམས་སུའང་རྒྱ་གར་གྱི་རྡོ་སོལ་གློག་ཁང་ཁག་གིས་ཉི་མ་༡༨་ལ་འདང་བའི་རྡོ་སོལ་གསོག་འཇོག་བྱེད་ཐུབ་ས་མ་རེད་ཅེས་མ་འོངས་པའི་ཟླ་བ་༦་གི་རིང་ལ་རྒྱ་གར་གྱི་རྡོ་སོལ་དགོས་མཁོ་སོགས་ལ་ཞིབ་འཇུག་བྱས་འདུག ཟླ་བ་སྔོན་མར་རྒྱ་གར་གྱི་གཞུང་གཉེར་རྡོ་སོལ་སྔོག་འདོན་བཟོ་ཚོང་ཁང་གིས་རྡོ་སོལ་གྱི་གློག་ཁང་ཁག་ལ་རྡོ་སོལ་འདང་ངེས་ཤིག་མཁོ་འདོན་བྱེད་ཐུབ་ཅེས་ཁས་བླངས། རྒྱ་གར་རྒྱལ་ཡོངས་ཀྱི་རྡོ་སོལ་དགོས་མཁོ་བརྒྱ་ཆ་༨༠་ལྷག་གཞུང་གཉེར་རྡོ་སོལ་སྔོག་འདོན་བཟོ་ཚོང་ཁང་གཅིག་པུས་མཁོ་འགྲེམ་བྱེད་ཀྱི་ཡོད་པ་རེད།།

རྒྱ་གར་གྱི་རྡོ་སོལ་སྔོག་འདོན་བྱེད་ས་ཞིག་ཏུ།
རྒྱ་གར་གྱི་རྡོ་སོལ་སྔོག་འདོན་བྱེད་ས་ཞིག་ཏུ།

གཟའ་མིག་དམར་ཉིན་རྒྱ་གར་གྱི་ཊི་རུ་བྷུན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་མངའ་སྡེ་འགའ་ཞིག་གི་སྤྱི་ཁྱབ་བློན་ཆེན་ཚོས་རང་རང་གི་ས་གནས་ཁག་གི་རྡོ་སོལ་གློག་ཁང་ཁག་ལ་རྡོ་སོལ་འདང་རྒྱུ་མིན་པའི་སྡུག་སྐད་བརྒྱབ། ཁ་སང་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ཨ་མི་ཏ་ཤཱ་དང་རྡོ་སོལ་མཁོ་འདོན་བློན་ཆེན་སོགས་མཐོ་རིམ་གཞུང་འབྲེལ་མི་སྣ་ཁག་ཅིག་ཚོགས་འདུ་ཚོགས། ཁོ་ཚོས་རྒྱ་གར་ལ་རྡོ་སོལ་ཆད་སྲིད་པའི་གླེང་སློང་ཞིག་འབྱུང་གི་ཡོད་པ་ནི་དཀྲོག་གཏམ་འབའ་ཞིག་རེད། རྒྱ་གར་ལ་རྡོ་སོལ་ཕོན་ཆེན་ཡོད་པ་དང་རྡོ་སོལ་གྱི་གློག་ཁང་ཁག་ལ་རྡོ་སོལ་ཆད་མི་སྲིད། ང་ཚོས་རྡོ་སོལ་གྱི་གློག་ཁང་ཁག་ལ་ཆེད་དུ་ཉི་མ་བཞི་ལ་འདང་བའི་རྡོ་སོལ་ཊོན་འབུམ་༧༢་གསོག་འཇོག་བྱེད་ཡོད། རྒྱ་གར་གྱི་རྡོ་སོལ་སྔོག་འདོན་བཟོ་ཚོང་ཁང་གིས་རྡོ་སོལ་ཊོན་འབུམ་༤༠༠་གསོག་འཇོག་བྱེད་ཡོད་པ་དེ་དག་གིས་ཟླ་བ་༢་ལ་རྡོ་སོལ་གློག་ཁང་ཁག་ལ་དཀའ་ངལ་འཕྲད་མི་སྲིད་ཅེས་བསྒྲགས། རྒྱ་གར་གྱི་རྡོ་སོལ་ཐོན་སྐྱེད་ལྷན་ཁང་གིས་རྡོ་སོལ་གྱི་ཐོན་སྐྱེད་ཉུང་དུ་ཕྱིན་པར་རྒྱུ་མཚན་གསུམ་ཡོད། ཐོག་མ་དེར་ཆར་ཞོད་ཀྱི་དུས་སུ་རྡོ་སོལ་གྱི་གཏེར་ཁ་ཁག་ལ་ཆུ་ལོག་བརྒྱུགས་ནས་ཐོན་སྐྱེད་སྔོག་འདོན་བྱ་རྒྱུ་དེར་དལ་འགོར་བྱུང་ནས་ཉིན་ལྟར་རྡ་སོལ་ཐོན་སྐྱེད་ཊོན་གཅིག་རེ་ཇེ་ཉུང་དུ་ཕྱིན་སོང་། གཉིས་པ་དེར་འཛམ་གླིང་ཡོངས་སུ་རྡོ་སོལ་གྱི་ཉིན་གོང་བརྒྱ་ཆ་༣༠་འཕར་ནས་རྒྱ་གར་ལ་རྡོ་སོལ་ནང་འདྲེན་བྱ་རྒྱུ་ཉུང་དུ་ཕྱིན་པ་རེད། གསུམ་པ་དེར་རྒྱ་གར་གྱི་བཟོ་ལས་ཁག་ལ་གློག་གི་དགོས་མཁོ་མང་དུ་སོང་སྟེ་རྡོ་སོལ་བཀོལ་སྤྱོད་བྱ་རྒྱུ་ཤུགས་ཆེ་རུ་ཕྱིན་པ་རེད། ཡིན་ནའང་རྒྱ་གར་གྱི་རྡོ་སོལ་གློག་ཁང་ཁག་ལ་རྡོ་སོལ་ཆད་ནས་གློག་མེད་པར་གྲོང་ཁྱེར་ཁག་མུན་ནག་ནང་དུ་ལུས་མི་སྲིད་ཅེས་བཟློས། ད་ལོ་གཅིག་པུར་རྒྱ་གར་གྱིས་རྡོ་སོལ་ཊོན་དུང་ཕྱུར་༢་དང་ཕྱེད་ཀ་བཀོལ་སྤྱོད་བྱས་ནས་གློག་མཁོ་འདོན་བྱས་འདུག

རྒྱ་གར་གྱི་བང་ཆེན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་རྡོ་སོལ་གློག་ཁང་ཁག་གིས་ཉི་མ་༡༥་ནས་༣༠་ཐམ་པར་འདང་བའི་རྡོ་སོལ་གསོག་འཇོག་བྱེད་དགོས་མོད། འོན་ཀྱང་རྒྱལ་ས་ལྡི་ལིའི་གློག་ཁང་གསུམ་ལ་ཉི་མ་གཅིག་རེར་འདང་བའི་རྡོ་སོལ་ལས་མི་འདུག གལ་སྲིད་ཉི་མ་གཅིག་གི་རྗེས་སུ་རྡོ་སོལ་གསར་པ་མ་བསླེབས་ན་གློག་ཁང་སྒོ་བརྒྱབ་ནས་གློག་མཁོ་འདོན་བྱ་རྒྱུ་མཚམས་འཇོག་རྒྱུ་ཉག་ཅིག་རེད། ཟླ་བ་གཅིག་གི་སྔོན་དུ་རྡོ་སོལ་རྒྱ་མ་གང་ལ་ཧིན་སྒོར་༥་མ་ཟིན་ཙམ་ཞིག་ཡིན་རུང་ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་རྡོ་སོལ་རྒྱ་མ་གང་ལ་ཧིན་སྒོར་༡༣་དང་ཕྱེད་ཀ་མ་ཟིན་ཙམ་ཞིག་འཕར་འདུག རྒྱ་གར་གྱི་རྡོ་སོལ་སྔོག་འདོན་བཟོ་ཚོང་ཁང་སྲིད་གཞུང་གིས་གཉེར་འཛིན་བྱེད་ཀྱི་ཡོད་པས་ལོ་ལྟར་རྡོ་སོལ་གྱི་དགོས་མཁོ་མང་དུ་སོང་ཡང་ཐོན་སྐྱེད་སྔོག་འདོན་བྱ་རྒྱུ་མང་དུ་གཏོང་མ་ཐུབ། རྡོ་སོལ་གྱི་དགོས་མཁོ་འདང་ངེས་མེད་པའི་མཚམས་སུ་རྒྱ་གར་གཞུང་གིས་གློག་ཁང་ཁག་ཅིག་ལ་རྡོ་སོལ་མཁོ་སྤྲོད་བྱ་རྒྱུ་ཉུང་དུ་གཏོང་གི་འདུག འདི་ནི་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་ཤིག་ཡིན་པ་ལས་རྒྱ་གར་ལ་རྡོ་སོལ་འདང་ངེས་མེད་པའི་དཀའ་ངལ་དེའི་འགག་རྩ་སེལ་ཐབས་ཤིག་མ་རེད་ཅེས་སྐྱོན་བཙུགས། དཔལ་འབྱོར་ཉམས་ཞིབ་པ་ཚོས་རྒྱ་གར་ལ་ཏོག་དབྱིབས་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པའི་རྟགས་མཚན་ཆེན་པོ་འདུག འོན་ཀྱང་རྒྱ་གར་གཞུང་གིས་མི་དམངས་ལ་འགོག་ཁབ་བརྒྱབ་པའི་སྟབས་ཀྱིས་བཟོ་གྲྭ་ཁག་བསྐྱར་དུ་སྒོ་རྒྱག་དགོས་པ་དང་ཚོང་ལས་མཚམས་འཇོག རྒྱ་གར་རྒྱལ་ཡོངས་སུ་སླར་ཡང་འགྲོ་འོང་བཀག་སྡོམ་བྱེད་དགོས་པ་ཞིག་ལ་འགྱུར་དཀའ། དེས་ན་རྒྱ་གར་གཞུང་གིས་ཕྱིར་ཚོང་གི་དངོས་ཟོག་བཟོ་འདོན་བྱ་རྒྱུ་ཉུང་དུ་བཏང་སྟེ་རྒྱལ་ནང་ལ་གློག་ཆད་དུ་མ་བཅུག་པར་གནས་སྐབས་ཀྱི་དཀའ་ངལ་སེལ་ཐབས་བྱ་དགོས་ཐུག་སྲིད་ཅེས་བཤད།།

ཨ་རིའི་སི་ཨེན་བྷི་སི་གསར་འགྱུར་ལས་ཁང་གིས་མུ་མཐུད་དུ་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་ནི་འཛམ་གླིང་གི་རྡོ་སོལ་ནང་འདྲེན་བྱེད་མཁན་ཤུགས་ཆེ་ཤོས་རྒྱལ་ཁབ་ཨང་གསུམ་པ་དེ་ཡིན་མོད། འོན་ཀྱང་ཉེ་བའི་ཟླ་ཤས་ཤིག་ནས་རྒྱལ་སྤྱིའི་ཁྲོམ་རེའི་ནང་དུ་རྡོ་སོལ་གྱི་རིན་གོང་ལྡབ་འགའ་ཞིག་འཕར་ནས་བཟུང་། ཕྱི་ཟླ་༧་པ་དང་༨་པ་གཉིས་ལ་རྒྱ་གར་གྱི་རྡོ་སོལ་གློག་ཁང་ཁག་གིས་ཕྱི་རྒྱལ་ནས་རྡོ་སོལ་ནང་འདྲེན་བྱ་རྒྱུ་བརྒྱ་ཆ་༤༥་ཉུང་དུ་སོང་ཞིང་། རྒྱ་གར་གྱི་ཧ་ཡང་དང་དྭངས་ལྕགས། ཨར་འདམ་དང་ཤོག་གུའི་བཟོ་གྲྭ་ཁག་ལ་རྡོ་སོལ་གྱི་དགོས་མཁོ་ཇེ་མང་དུ་སོང་སྟེ་རྒྱ་གར་གྱི་ཁྲོམ་རའི་ནང་དུ་རྡོ་སོལ་གྱི་རིན་གོང་འཕར་གྱི་ཡོད་པར་མ་ཟད། ཕྱི་རྒྱལ་གྱི་རྡོ་སོལ་ལ་བརྟེན་པའི་རྒྱ་གར་གྱི་མཚོ་ཁའི་ས་གནས་ཁག་གི་གློག་ཁང་དེ་ཚོར་རྡོ་སོལ་ཆད་ནས་གློག་མཁོ་འདོན་བྱ་རྒྱུ་ཉུང་དུ་བཏང་འདུག་ཅེས་བསྟན། རྒྱ་གར་གྱི་ཉམས་ཞིབ་པ་ཧེ་ཏལ་གྷན་དྷིས་ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་མི་རྣམས་རང་ཁྱིམ་དུ་བཀག་ནས་ཐོན་སྐྱེད་མཁོ་འདོན་བྱེད་མ་ཐུབ་པ་རེད། ད་ལྟ་ནད་ཡམས་མགོ་འཇོམས་པའི་རྗེས་སུ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འབྱུང་འགོ་ཚུགས་ཏེ་སྐྱེལ་འདྲེན་གྱི་ཚང་ཁ་ཆེ་ཇེ་ཆེར་སོང་། གྲུ་ཁ་ཁག་ཏུ་འབྱོར་གྱི་ཐོན་སྐྱེད་རྣམས་དུས་ཐོག་ཏུ་ས་གནས་སོ་སོར་འབྱོར་མ་ཐུབ་པ། སྐྱེལ་འདྲེན་གྱི་རིན་གོང་འཕར་བ་བཅས་ཀྱིས་རྒྱ་གར་ལ་རྡོ་སོལ་ཉུང་དུ་ཕྱིན་པ་རེད། རྒྱ་གར་གྱི་རྡོ་སོལ་ལ་མེ་ཤུགས་ཆུང་བས་བཟོ་གྲྭ་ཆེ་ཁག་གིས་རྡོ་སོལ་མང་བ་བཀོལ་སྤྱོད་བྱེད་དགོས་ཀྱི་འདུག དེར་བརྟེན་རྡོ་སོལ་གྱི་གློག་ཁང་ཁག་ལ་རྡོ་སོལ་དེ་བས་ཀྱང་མང་བ་དགོས་ཀྱི་ཡོད་པ་རེད། ཕྱི་རྒྱལ་གྱི་རྡོ་སོལ་རིན་གོང་འཕར་ཡང་རྒྱ་གར་གཞུང་གིས་གྲོང་གསེབ་ཁག་ལ་སྔར་བཞིན་གློག་རིན་མ་སྤར་པར་གློག་གཏོང་དགོས་པས་གློག་རིན་དང་རྡོ་སོལ་གྱི་རིན་གོང་གཉིས་ཁ་མ་མཚུངས་པར་རྡོ་སོལ་ནང་འདྲེན་བྱེད་ཐུབ་ཀྱི་མེད་པ་རེད་ཅེས་བཤད།།

རྒྱ་གར་གྱི་ཉམས་ཞིབ་པ་ཧེ་ཏལ་གྷན་དྷིས་རྒྱ་གར་ལ་རྡོ་སོལ་གྱི་ནུས་ཤུགས་མ་ཡིན་པའི་གློག་གི་ཡོང་ཁུངས་ནི་ཆུ་ཤུགས་གློག་ཁང་དང་སོལ་རླངས་གློག་ཁང་། རྡུལ་ཕྲན་གྱི་ནུས་ཤུགས་གློག་ཁང་བཅས་ཡོད་ཀྱང་རྒྱ་གར་གྱི་གློག་གི་འབྱུང་ཁུངས་ཤུགས་ཆེ་ཤོས་དེ་རྡོ་སོལ་རེད། འཛམ་གླིང་གི་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཐེབས་ནས་ཆུ་ཤུགས་གློག་ཁང་ཡོད་ས་ཁག་ཏུ་ཐན་པ་བྱུང་སྟེ་ཆར་ཆུ་དཀོན་པོ་དང་ཆུ་མཛོད་ནང་གི་ཆུ་རྣམས་སྐམ། སོལ་རླངས་ཀྱི་རིན་གོང་འཕར། རྡུལ་ཕྲན་ནུས་ཤུགས་ཀྱི་གློག་ཁང་དེ་ཚོ་དུས་ནས་དུས་སུ་སྒོ་བརྒྱབ་སྟེ་བདག་གཅེས་བྱ་དགོས་པ། རྒྱ་གར་གྱི་མི་འབོར་འཕེལ་རྒྱས་དང་གྲོང་ཁྱེར་གསར་ཚུགས། བཟོ་ལས་རྒྱ་སྐྱེད་འབྱུང་གི་ཡོད་པ་བཅས་ཀྱིས་རྡོ་སོལ་གྱི་གློག་ཁང་གི་དགོས་མཁོ་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་འདུག་ཅེས་བཀྲལ། སན་དིབ་ཀ་ལི་ཡ་ཞེས་པའི་ཉམས་ཞིབ་པ་གཞན་ཞིག་གིས་ཀྱང་རྒྱ་གར་གྱི་རྡོ་སོལ་སྔོག་འདོན་བཟོ་ཚོང་ཁང་གིས་རྡོ་སོལ་གསོག་འཇོག་བྱེད་ཀྱི་ཡོད་ཀྱང་ཐོན་སྐྱེད་འདང་ངེས་ཤིག་རྒྱུན་ཆད་མེད་པར་མཁོ་འདོན་བྱེད་ཐུབ་རྒྱུ་ཁག་པོ་རེད། རྒྱ་གར་གྱི་རྡོ་སོལ་གཏེར་ཁག་ནས་སྔོག་འདོན་བྱས་པའི་རྡོ་སོལ་རྣམས་ཆར་ཞོད་དུས་སུ་གློག་ཁང་ཁག་ལ་སྐྱེལ་འདྲེན་བྱེད་མ་ཐུབ་པར་ལུས་འདུག་ཅེས་བཤད། རྒྱ་གར་གྱི་གློག་ཤུགས་ཐོན་སྐྱེད་བློན་ཆེན་ར་ཇ་ཀུ་མར་སིང་གིས་རྒྱལ་ཡོངས་ལ་ཟླ་བ་དྲུག་གི་རིང་དུ་འདང་བའི་གློག་གསོག་འཇོག་བྱེད་ཡོད། དེའི་རྗེས་སུ་རྒྱ་གར་ལ་གློག་གི་དཀའ་ངལ་འཕྲད་སྲིད་ཅེས་ཉེན་བརྡ་བཏང་འདུག ཟླ་བ་འདི་ནས་ཕྱི་ཟླ་དང་པོའི་བར་དུ་རྒྱ་གར་ལ་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་དུས་སྟོན་མང་དག་ཅིག་སླེབས་ཀྱི་ཡོད་པས་གློག་གི་དགོས་མཁོ་ཤུགས་ཆེ་རུ་འགྲོ་རྒྱའི་ཚོད་དཔག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG