ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༣/༣༠

འབྲུག་ཡུལ་གྱི་སྤྲོ་སྐྱིད་ཚོང་ལས་ཁག་བསྐྱར་དུ་སྒོ་འབྱེད།


༄༅།། ཕྱི་ཟླ་༡༠་པའི་ཚེས་༡༠་ཉིན་འབྲུག་ཡུལ་གྱི་སྲིད་བློན་ལས་ཁུངས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པ་དེར་འཁོད་པ་ལྟར་ན། མི་རྗེ་གང་ཉིད་ནད་ཡམས་སྔོན་འགོག་གི་མཐུན་ཕྱོགས་སུ་ཕེབས་ནས་ཐུགས་ཁུར་ཆེ་བཞེས་དང་ཆོས་སྡེ་ཁག་གི་ཐུགས་སྨོན་སྐྱབས་འཇུག་གནང་བ། འབྲུག་པའི་མི་དམངས་ཀྱི་རྒྱབ་སྐྱོར་བཅས་ལ་བརྟེན་ནས་འབྲུག་ཡུལ་ལ་ཏོག་དབྱིབས་ནད་དུག་བཀག་སྡོམ་ཐུབ་ནས་ཟླ་བ་གཉིས་ཙམ་འགྲོ་བཞིན་ཡོད། ད་ལྟ་ནད་དུག་ཁྱབ་གདལ་གྱི་ཉེན་ཁ་ཆུང་བའི་ས་གནས་ཁག་གི་གློག་བརྙན་ཁང་དང་ཁ་ར་ཨོ་ཁེ་གཞས་ཁང་། ཞབས་བྲོ་ཁང་དང་ཆང་ཁང་། སྟེགས་གྲུག་རྩེད་ཁང་དང་མཚན་ཚོགས་ཁང་། སྒྲ་དབྱངས་དཀྲོལ་རྡུང་ཁང་རྣམས་བསྐྱར་དུ་སྒོ་འབྱེད་རྒྱུ་ཡིན། ཏོག་དབྱིབས་ནད་དུག་སྔོན་འགོག་གི་བཀོད་སྒྲིག་ལ་མཐུན་པར་གློག་བརྙན་ཁང་ཁག་གིས་ལྟད་མོ་བ་བརྒྱ་ཆ་༥༠་ཐམ་པར་གློག་བརྙན་སྟོན་ཆོག མགྲོན་པོ་བརྒྱ་ཆ་༥༠་ཐམ་པར་སྣེ་ལེན་ཞུ་ཐུབ་པའི་སྤྲོ་སྐྱིད་ཚོང་གཉེར་ཁང་དེ་དག་གིས་ལྟད་མོ་བ་དང་སྣང་བ་གཡེང་དུ་བསླེབས་པའི་མི་ཚོར་འབྲུག་གི་རྟོག་ཞིབ་བཀོལ་ཆས་ཀྱིས་བརྟག་དཔྱད་བྱས་ནས་མི་དེར་ནད་རྟགས་ཡོད་མེད། ལག་པ་དུག་སེལ་བྱེད་སྤྱད་སོགས་ནད་འགོག་གི་མཐུན་རྐྱེན་རྣམས་ངེས་པར་དུ་སྦྱོར་དགོས། ནད་དུག་ཁྱབ་གདལ་གྱི་ཉེན་ཁ་ཅུང་ཟད་ཆེ་བ་ཡོད་ས་ཁག་ཏུ་མི་བརྒྱ་ཆ་༢༥་ལས་བརྒལ་བ་འདུ་འཛོམ་བྱེད་མི་ཆོག་པ་དང་དགོང་མོའི་ཆུ་ཚོད་༡༠་པ་ནས་སྤྲོ་སྐྱིད་ཚོང་ལས་ཁང་རྣམས་སྒོ་རྒྱག་དགོས། ཚོང་ལས་ཁག་གིས་ནད་འགོག་གི་སྒྲིག་ཁྲིམས་རྣམས་སྲུང་བརྩི་ཚུལ་བཞིན་བྱེད་ཀྱི་ཡོད་མེད་ལ་འབྲུག་གཞུང་གིས་ལྟ་རྟོག་བྱ་རྒྱུ་དང་འགལ་འཛོལ་བྱུང་བ་ཚོར་ཚོང་ལས་གཉེར་ཆོག་པའི་ལག་འཁྱེར་བཀྲམ་ཡོད་པ་ཕྱིར་བསྡུ་སོགས་ཀྱིི་ཉེས་ཆད་དྲག་པོ་གཅོད་རྒྱུ་ཡིན་ཞེས་བཀོད།།

འབྲུག་གཞུང་གིས་ཏོག་དབྱིབས་ནད་དུག་སྔོན་འགོག་གི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་མིག་དཔེར་བལྟ་འོས་པ་ཞིག་ཏུ་གྱུར། ད་ལྟ་འབྲུག་ཡུལ་གྱིས་དོགས་ཟོན་གྱི་སྒོ་ནས་སྤྲོ་སྐྱིད་ཚོང་ལས་ཁག་བསྐྱར་དུ་སྒོ་འབྱེད་ཀྱི་ཡོད་ཀྱང་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་དུས་ནམ་ཞིག་ཡུལ་སྐོར་སྤྲོ་འཆམ་སྒོ་འབྱེད་རྒྱུ་ཡིན་མིན་གསལ་བསྒྲགས་བྱས་མེད་ཅིང་། གཟའ་འཁོར་སྔོན་མར་འབྲུག་ཡུལ་གྱི་ཀུན་གསལ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་སློབ་སྟོན་ལྷན་ཚོགས་ཀྱི་མགྲིན་ཚབ་པ་དམ་ཆོས་རིག་འཛིན་གྱིས་སྐྱེ་བོ་གང་ཞིག་འབྲུག་ཡུལ་ལ་སྤྲོ་འཆམ་དུ་ཡོང་འདོད་ཡོད་ན་འགོག་ཁབ་ཆ་ཚང་བརྒྱབ་ཟིན་པ་དང་ཉུང་མཐར་ཡང་ཉིན་༢༡་ནས་ཉིན་༡༤་བར་དུ་ཟུར་འགོག་བྱས་ནས་འདུག་འདོད་ཡོད་པ། ཟུར་འགོག་གི་འགྲོ་གྲོན་ཡང་རང་ངོས་ནས་གཏོང་འདོད་ཡོད་ན་ཡུལ་སྐོར་སྤྲོ་འཆམ་ལ་ཡོང་ཆོག་ཅེས་འབྲུག་གཞུང་གི་ལམ་སྟོན་གསལ་བསྒྲགས་རྣམས་བསྐྱར་ཟློས་བྱས་འདུག ཁོང་གིས་ང་ཚོས་ཡུལ་སྐོར་སྤྲོ་འཆམ་བསྐྱར་དུ་སྒོ་ཕྱེ་པའི་རྗེས་སུ་འགྲུལ་པ་ཚོར་ཉམས་མྱོང་མ་འདྲ་བ་ཞིག་འཐོབ་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད། འབྲུག་ཡུལ་ལ་ཡུལ་སྐོར་སྤྲོ་འཆམ་པ་རྣམས་མྱུར་དུ་ཡོང་ཐུབ་པའི་གྲ་སྒྲིག་བྱེད་བཞིན་ཡོད་ཅེས་བཤད། ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་བསྐྱར་དུ་སྒོ་འབྱེད་བྱ་རྒྱུ་ནི་འབྲུག་ཡུལ་གཅིག་པུས་བསྒྲུབ་ཐུབ་པ་ཞིག་མིན་པ་སྟེ། རྒྱ་གར་དང་བལ་ཡུལ། འབྲུག་ཡུག་བཅས་ཀྱིས་མཉམ་འབྲེལ་བྱས་ནས་བསྒྲུབ་དགོས་པ་ཞིག་ཡིན་ཞིང་། རྒྱ་གར་དང་བལ་ཡུལ་གཉིས་ཀར་ཏོག་དབྱིབས་ནད་རླབས་གསུམ་པ་ཞིག་འཕྱུར་སྲིད་པའི་ཉེན་ཁ་ཡོད་པས་འབྲུག་ཡུལ་ལ་སྐབས་ཤིག་གི་རིང་དུ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ཐུབ་རྒྱུ་ཁག་པོ་རེད་ཅེས་གནས་ཚུལ་ཐོན་འདུག

དེང་སྐབས་འབྲུག་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་གཅིག་ཡོད་པ་ནི་ཨ་མི་རི་ཀའི་སན་ཧྥ་རན་སི་སི་ཀོ་གྲོང་ཁྱེར་གྱི་བུད་མེད་ཧྥ་རན་བྷག་ཟེར་བ་ཡིན་ཞིང་། མཚོ་ཁུག་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཁོ་མོ་༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ནང་དུ་འབྲུག་ཡུལ་ལ་འབྱོར་བ་དང་དུས་ཡུན་ཟླ་བ་གཅིག་ལ་འདུག་རྒྱུའི་རྩིས་བརྒྱབ། འོན་ཀྱང་འབྲུག་ཡུལ་གྱི་མཛེས་སྡུག་དང་ཞི་བདེ། མི་རྣམས་བྱམས་སེམས་ཆེ་བ་བཅས་ཀྱིས་ཨ་རི་བ་བུད་མེད་དེའི་ཡིད་སེམས་འཕྲོག་སྟེ་གུང་སེང་གི་དུས་ཡུན་གསུམ་བར་དུ་འགྱངས། ཁོ་མོ་སླར་ཡང་འབྲུག་ཡུལ་ལ་ཡོང་རྒྱུའི་ཐག་བཅད་ཀྱང་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ཏོག་དབྱིབས་ནད་དུག་ཁྱབ་པའི་སྟབས་ཀྱིས་ཡོང་མ་ཐུབ། ཟླ་བ་སྔོན་མར་འབྲུག་གཞུང་གིས་ཨ་རིའི་བུད་མེད་དེར་དམིགས་བསལ་གྱི་ཐོངས་མཆན་ཞིག་སྤྲད། ཁོ་མོ་འབྲུག་ཡུལ་དུ་འབྱོར་བའི་སྐབས་སུ་གནམ་ཐང་དུ་གསར་འགོད་པ་ཚོས་པར་བརྒྱབ་ནས་ཚགས་པར་གྱི་མདུན་ཤོག་ཏུ་བཀོད། ཨ་རི་བ་བུད་མེད་དེས་ཨོ་གླིང་གི་གསར་འགོད་པ་ཞིག་ལ་ང་ནི་གནམ་གྲུའི་ནང་ནས་ཕྱི་ལ་བུད་མ་ཐག་ཏུ་གསར་འགོད་པ་ཚོས་པར་བརྒྱབ་སྟེ་ཚགས་པར་གྱི་མདུན་ཤོག་ཏུ་བཀོད་ནས་མི་སྣ་གྲགས་ཅན་ཞིག་ལ་གྱུར་སོང་། ང་མ་ཡོང་གོང་དེར་འབྲུག་ཡུལ་གྱི་ཡུལ་སྐོར་སྤྲོ་འཆམ་ལས་ཁུངས་དེས་ང་ལ་ཁ་པར་བཏང་ནས་ཁྱེད་རང་བདུན་ཕྲག་གསུམ་ལ་ཟུར་འགོག་བྱས་ནས་འདུག་འདོད་ཡོད་ན་ང་ཚོས་ཁྱོད་འབྲུག་ཡུལ་ལ་ལེན་ཐུབ་ས་རེད་ཟེར་བྱུང་བས་ངས་འཕྲལ་དུ་དེ་ལ་མོས་མཐུན་བྱས་པ་ཡིན། ཁོ་ཚོས་ང་ལ་ཐོངས་མཆན་རག་རྒྱུ་དེར་དཀའ་ལས་ཆེན་པོ་ཞིག་བརྒྱབ་འདུག ད་ལྟ་ང་ལོ་ན་༦༨་ཡིན་པ་དང་༢༠༡༤་ལོར་ཁྱ་ག་གྲོངས་སོང་། དེ་ནས་བཟུང་སྟེ་ངས་རང་གིས་རང་ལ་མི་ཚེའི་དོན་སྙིང་ཞེས་པ་ཅི་ཞིག་རེད་ཅེས་དྲིས་པ་ཡིན། འབྲུག་ཡུལ་ཧ་ཅང་སྐྱིད་པོ་འདུག་ཅེས་གསར་འགོད་པར་གླེང་མོལ་བྱས་ཡོད་པར་གཞིགས་ཚེ། ཨ་རི་བ་ཧྥ་རན་བྷག་གིས་འབྲུག་ཡུལ་དུ་མི་ཚེའི་དོན་སྙིང་རྙེད་ཡོད་སྲིད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG