ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧུ་པེ་ལ་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་དང་དེའི་ཉེན་ཁ།


༄༅།། རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ཧུ་པེ་ཞིང་ཆེན་ལ་འདས་པའི་ཟླ་ཤས་རིང་འགྲིམ་འགྲུལ་བཀག་སྡོམ་བྱེད་ཡོད་པ་ཕྱིར་འཐེན་བྱ་འཆར་ཡོད་ཀྱང་རྒྱ་ནག་གི་ས་གནས་གཞན་ཁག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་འབྱུང་རྒྱུ་ལྡབ་གཅིག་མང་དུ་འགྲོ་བཞིན་ཡོད་པས་འགྲིམ་འགྲུལ་སོགས་ལ་བཀག་སྡོམ་བྱ་རྒྱུ་ཤུགས་ཆེ་རུ་གཏོང་འགོ་ཚུགས་འདུག ཧུ་པེ་ཞིང་ཆེན་གྱི་འཕྲོད་བསྟེན་ལྷན་ཁང་གི་འགོ་ཁྲིད་ཚོས་སང་ཉིན་གཟའ་ལྷག་པ་ནས་སྐྱེ་བོ་གང་ཞིག་བདེ་ཐང་ཡིན་པ་ངེས་གཏན་ཐུབ་ན་འགྲིམ་འགྲུལ་བྱེད་ཆོག་ཅེས་བསྒྲགས། ཡིན་ནའང་ཧུ་པེ་ཞིང་ཆེན་གྱི་རྒྱལ་ས་ཝུ་ཧན་གྲོང་ཁྱེར་ལ་ཕྱི་ཟླ་༤་པའི་ཚེས་༨་བར་དུ་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་བྱ་འཆར་མེད་པ་དང་ཁ་སྔོན་ཕྱི་ཟླ་དང་པོའི་ཚེས་༢༣་ནས་ཝུ་ཧན་གྲོང་ཁྱེར་ལ་འགྲིམ་འགྲུལ་དང་མི་ཚོགས་འདུ་འཛོམས། ཚོང་ལས་སོགས་ཡོངས་སུ་བཀག་སྟེ་ཏོག་དབྱིབས་རིམས་ནད་ལ་འགོག་རྒོལ་བྱ་རྒྱུ་མགོ་བརྩམས། སྔ་ལོའི་ཕྱི་ཟླ་༡༢་པ་ནས་ཝུ་ཧན་གྲོང་ཁྱེར་་ཏོག་དབྱིབས་རིམས་ནད་ཁྱབ་འགོ་ཚུགས་ནས་བཟུང་། ད་ལྟའི་བར་དུ་ཧུ་པེ་ཞིང་ཆེན་གྱི་མི་༣༡༦༠་ཐམ་པར་ཏོག་དབྱིབས་ནད་དུག་འགོས་ནས་འཆི་སྐྱོན་བྱུང་བ་དང་མི་༦༧༨༠༡་ལ་ནད་མནར་བྱུང་ཞིང་། རྒྱ་ནག་གི་ཏོག་དབྱིབས་རིམས་ནད་མང་ཆེ་བ་ཧུ་པེ་ཞིང་ཆེན་གཅིག་པུར་བྱུང་། ཧུ་པེ་ཞིང་ཆེན་ལ་མི་འབོར་ས་ཡ་༦༠་ལྷག་ཡོད་པ་དང་ཝུ་ཧན་གྲོང་ཁྱེར་ལ་མི་འབོར་ས་ཡ་༡༡་ཡས་མས་ཤིག་ཡོད་འདུག

ཕྱི་ཟླ་༣་པའི་ཚེས་༢༤་ཉིན་རྒྱ་ནག་གི་རྒྱལ་ཡོངས་འཕྲོད་བསྟེན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཁ་སང་གཟའ་ཟླ་བར་རྒྱ་ནག་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༧༨་བྱུང་སོང་། འདི་ནི་གཟའ་ཉི་མ་ནས་ནད་པའི་གྲངས་འབོར་ལྡབ་གཅིག་འཕར་སྣོན་སོང་བ་ཞིག་ཡིན་རུང་ནད་པ་༧༤་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་བྱུང་སྟེ་འགོས་པ་རེད། སྔ་ཉིན་དེར་རྒྱ་ནག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་བྱུང་སྟེ་མི་༣༩་ལ་ནད་དུག་འགོས་འདུག པེ་ཅིང་གཅིག་པུར་ཕྱི་ལོགས་ཀྱི་ནད་དུག་འགོས་པའི་ནད་པ་༣༡་བྱུང་ཡོད་པ་དང་དེའི་རྗེས་སུ་ཀོང་ཏུང་ཞིང་ཆེན་ལ་ནད་པ་༡༤་ཡོད། རྒྱ་ནག་གི་ཚོང་ལས་དང་ནོར་སྲིད་ཀྱི་ལྟེ་གནས་ཧྲང་ཧེ་གྲོང་ཁྱེར་དུ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་བྱུང་བའི་ནད་པ་༩་ཡོད། ད་ལྟའི་བར་དུ་རྒྱ་ནག་ལ་ཁྱོན་བསྡོམས་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ནང་ཁྱབ་བྱུང་སྟེ་མི་ལ་ནད་དུག་འགོས་པའི་ནད་པ་༤༢༧་བྱུང་ཡོད། རྒྱ་ནག་རང་གི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་༤་ལས་བྱུང་མེད་པ་དང་འདས་པའི་ཉི་མ་ལྔའི་རིང་ལ་ཝུ་ཧན་གྲོང་ཁྱེར་དུ་ནད་པ་གསར་པ་གཅིག་ཀྱང་ཐོན་མེད་ཅེས་བསྒྲགས་འདུག རྒྱ་ནག་གི་ས་གནས་གཞན་ཁག་ཏུ་མི་ལ་ཚ་བ་ཡོད་མེད་བརྟག་དཔྱད་དང་ཟུར་འགོག པེ་ཅིང་ལ་འཕུར་སྐྱོད་བྱེད་པའི་རྒྱལ་སྤྱིའི་འགྲུལ་སྐྱེལ་གནམ་གྲུ་ཁག་རྒྱ་ནག་གི་གྲོང་ཁྱེར་གཞ་ལ་མཁའ་ལམ་སྒྱུར་ཡོད་ཀྱང་སློབ་ཕྲུག་གཙོ་བོར་གྱུར་པའི་རྒྱ་ནག་གི་སྤྱི་དམངས་རྣམས་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་འགྲོ་ཡུལ་ནུབ་ཕྱོགས་རྒྱལ་ཁབ་ཁག་ནས་རྒྱ་ནག་ལ་ཕྱིར་ལོག་བྱེད་ཀྱི་ཡོད་པ་རྣམས་འགོག་ཐུབ་ཀྱི་མེད་པ་རེད།

པེ་ཅིང་གྲོང་ཁྱེར་གཞུང་གིས་ཕྱི་རྒྱལ་ནས་འབྱོར་བའི་འགྲུལ་པ་རྣམས་ཟུར་འགོག་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་པ་སྟེ། གཟའ་མིག་དམར་ནས་རྒྱལ་ས་པེ་ཅིང་ལ་ཡོང་མཁན་ཚོར་གཅིག་གྱུར་གྱིས་ཚ་བ་བརྟག་དཔྱད་དང་ཟུར་འགོག་བྱ་རྒྱུའི་ཐག་བཅད། ཧྲན་ཀྲེན་གྲོང་ཁྱེར་གཞུང་གིས་ས་གནས་དེར་འབྱོར་བའི་མི་ཚང་མར་ནད་རྟགས་ཡོད་མེད་བརྟག་དཔྱད་བྱ་རྒྱུཨོ་མེན་དམིགས་བསལ་ས་གནས་གཞུང་གིས་གནས་སྐབས་རིངརྒྱ་ནག་སྐམ་ས་ཆེན་པོ་དང་ཧོང་ཀོང་། ཐེ་ཝན་སོགས་ནས་འགྲུལ་པ་ཡོང་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་ཡིན་ཞེས་བསྒྲགས། ཏོག་དབྱིབས་རིམས་ནད་ཀྱིས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་ཚབས་ཆེན་ཞིག་ཐེབས། པེ་ཅིང་གི་དབང་འཛིན་པ་ཚོས་འགྲིམ་འགྲུལ་བཀག་སྡོམ་སོགས་ཕྱིར་འཐེན་བྱས་ནས་རྒྱ་ནག་གི་དཔལ་འབྱོར་དང་ཚོང་ལས་སླར་གསོ་བྱ་ཐབས་སུ་འབད་ཀྱི་ཡོད་ཅིང་། དཔེར་ན་རྒྱ་ནག་ཀན་སུའུ་ཞིང་ཆེན་གཞུང་གིས་རང་གི་མངའ་ཁུལ་གྱི་དཔལ་འབྱོར་དང་ཚོང་ལས་སླར་གསོ་བྱེད་པར་གཞུང་གི་ལས་བྱེད་པ་ཚོས་ཉུང་མཐར་ཡང་བདུན་ཕྲག་རེར་མི་དམངས་ཤོག་སྒོར་༢༠༠་རེ་འགྲོ་གྲོན་བཏང་ནས་ཉོ་ཚོང་བྱ་དགོས་ཞེས་བཀའ་བཏང་འདུག རྒྱ་ནག་ཉིན་རེའི་ཚགས་པར་ལའང་མི་དམངས་ཀྱི་འགུལ་སྤྱོད་ལ་བཀག་སྡོམ་ནན་པོ་བྱེད་ཀྱི་ཡོད་པར་དགེ་མཚན་ལས་གནོད་སྐྱོན་ཆེ་བ་འདུག་ཅེས་ཆེད་བརྗོད་སྤེལ། འོན་ཀྱང་འགྲིམ་འགྲུལ་བཀག་སྡོམ་ཕྱིར་འཐེན་དང་མི་ཚོགས་འདུ་འཛོམས་བྱུང་ན་རྒྱ་ནག་གི་ས་གནས་ཁག་ཏུ་སླང་ཡང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་སྲིད་པའི་ཉེན་ཁ་ཤིན་ཏུ་ཆེ།

དེང་སྐབས་རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་འགོ་ཁྲིད་ཚོས་དུས་ཡུན་ཟླ་བ་གཅིག་ལྷག་ལ་ཝུ་ཧན་གྲོང་ཁྱེར་དུ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པ་སྦ་གསང་བྱས་པ་རེད། ད་ལྟ་འཛམ་གླིང་ཡོངས་སུ་རྒྱ་ནག་གི་ཏོག་དབྱིབས་རིམས་ནད་ཁྱབ་སྟེ་མི་༣༩༢༠༣༠་ལྷག་ལ་ནད་དུག་འགོས་པ་དང་མི་༡༧༡༥༠་ལྷག་ལ་འཆི་སྐྱོན་བྱུང་བ་རེད་ཅེས་སྐྱོན་བརྗོད་བྱ་རྒྱུ་ཉིན་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པར་བརྟེན། རྒྱ་ནག་གཞུང་གིས་ཨ་མི་རི་ཀའི་དམག་གིས་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་བཏང་བ་རེད་ཅེས་སྐྱོན་འཛུགས་བྱེད་འགོ་ཚུགས། ཡང་ཕྱི་ཟླ་༣་པའི་ཚེས་༢༢་ཉིན་རྒྱ་ནག་གི་གཞུང་གཉེར་གོ་ལའི་བརྙན་འཕྲིན་དྲྭ་ལས་ཁང་གི་རྩོམ་ཡིག་ཅིག་སྤེལ་ནས་༢༠༡༩་ལོའི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཝུ་ཧན་གྲོང་ཁྱེར་ཡིན་པ་སྒྲུབ་དཀའ། དེ་ལས་ཡུ་རོབ་རྒྱལ་ཁབ་ཨི་ཊི་ལི་འཛམ་གླིང་གི་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་ཡིན་སྲིད་པའི་རྟགས་མཚན་འདུག་ཅེས་སྙོན་འཛུགས་བྱས་ཤིང་། གོ་ལའི་བརྙན་འཕྲིན་དྲྭ་ལས་ཁང་གིས་སྤེལ་པའི་རྩོམ་ཡིག་དེར་ཨ་རིའི་རྒྱལ་ཡོངས་རླུང་འཕྲིན་ཁང་གིས་ཨི་ཊི་ལིའི་སྨན་པ་རཱེ་མུ་ཟི་ཞེས་པ་ཞིག་ལ་བཅར་འདྲི་ཞུས། སྨན་པ་དེས་ན་ནིང་ཕྱི་ཟླ་༡༡་པ་དང་༡༢་ནས་རྒན་རྒོན་ལ་ཧ་ཅང་སྡང་བའི་གློ་ཚད་ལྟ་བུའི་ནད་ཡམས་ཁྱད་མཚར་ཞིག་ཨི་ཊི་ལིར་ཁྱབ་ཀྱི་ཡོད་པ་གོ་ཐོས་བྱུང་སོང་ཞེས་གསར་འགོད་པའི་དྲི་བར་ལན་བཏབ། རྒྱ་ནག་གི་གོ་ལའི་བརྙན་འཕྲིན་དྲྭ་ལས་ཁང་གིས་གསར་འགྱུར་འདི་རྒྱ་ནག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་མ་བྱུང་སྔོན་ནས་ཨི་ཊི་ལིར་རིམས་ནད་དེ་འདྲ་ཞིག་ྱབ་ཀྱི་ཡོད་པའམ། མ་མཐར་ཡང་ཨི་ཊི་ལིའི་བྱང་ཕྱོགས་སུ་ཆགས་པའི་ལོམ་བྷ་ཌི་ས་ཁུལ་སོགས་ལ་རིམས་ནད་ཁྱབ་ཀྱི་ཡོད་པའི་དཔང་རྟགས་རེད་ཅེས་ལུང་འདྲེན་བྱས་ནས་གླེང་ཕྱོགས་སྒྱུར་གྱི་ཡོད་པར་མ་ཟད། ཉེ་དུས་ཤིག་ནས་རྒྱ་ནག་གཞུང་གིས་རང་གི་ས་ཐོག་ཏུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གསར་པ་འབྱུང་གི་མེད། རྒྱ་ནག་གི་ས་ཐོག་ཏུ་ནད་མནར་བྱུང་བ་རྣམས་ཀྱང་དྲག་སྐྱེད་འབྱུང་གི་ཡོད། རྒྱ་ནག་ལ་ཕྱི་ལོགས་ཀྱི་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཚབས་ཆེན་ཞིག་འགྲོ་བཞིན་འདུག་ཅེས་ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་ཕྱི་རྒྱལ་ཡིན་པའི་རྣམ་པ་སྟོན་གང་ཐུབ་བྱེད་བཞིན་འདུག འོན་ཀྱང་ཉེ་ཆར་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་གྱིས་རྒྱ་ནག་གི་གཞུང་འབྲེལ་ཡིག་ཆ་ཞིག་ལ་འཁོད་པའི་གནས་ཚུལ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༩་ལོའི་ཕྱི་ཟླ་༡༡་པའི་ཚེས་༡༧་ཉིན་ཝུ་ཧན་གྲོང་ཁྱེར་ལ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་དང་པོ་དེ་བྱུང་ཡོད་པ་རེད།

འདི་ཙམ་ན་དེ་རིང་ཕྱི་ཟླ་༣་པའི་ཚེས་༢༤་ཉིན་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་བྷོ་རེལ་གྱིས་རྒྱ་ནག་གིས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཏོག་དབྱིབས་རིམས་ནད་ཁྱབ་གདལ་འགྲོ་བཞིན་པའི་གོ་སྐབས་བཟུང་ནས་ཁ་རས་དང་དབུགས་གཏོང་འཕྲུལ་ཆས། སྨན་སོགས་རོགས་རམ་སྤྲོད་ཀྱི་འདུག རྒྱ་ནག་གི་ཆབ་སྲིད་ཀྱི་དམིགས་ཡུལ་འཆང་སྟེ་གཞན་ཕན་གཏོང་ཕོད་ཀྱི་རྣམ་འགྱུར་བསྟན་ནས་ཡུ་རོབ་རྒྱལ་ཁབ་ཁག་ལ་ཤུགས་རྐྱེན་ཐེབས་ཐབས་བྱེད་བཞིན་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཤུགས་རྐྱེན་ལ་འཐབ་རྒོལ་བྱ་རྒྱུ་དེར་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡིན། ང་ཚོས་ཏོག་དབྱིབས་རིམས་ནད་ལ་འགོག་རྒོལ་བྱས་ནས་རིམས་ནད་ཁྱབ་གདལ་གྱི་ངར་ཤུགས་བཅོམ་པའི་གཞུག་དེར་ཡུ་རོབ་པའི་ལྟ་ཚུལ་ལ་འགྱུར་བ་མེདརྒྱ་ནག་གིས་ཆབ་སྲིད་ཀྱིས་ཀུན་ནས་བསླངས་ཏེ་ཡུ་རོབ་རྒྱལ་ཁབ་ཁག་ལ་རོགས་སྐྱོར་བྱས་ནས་རྒྱ་ནག་ནི་ཨ་མི་རི་ཀ་དང་མ་འདྲ་བར་འགན་འཁྲི་ལེན་པའི་ཟླ་གྲོགས་ཡིད་རྟོན་རུང་བ་ཞིག་ཡིན་པའི་གོ་བརྡ་སྤྲོད་ཀྱི་ཡོད་པ་ང་ཚོས་ངོས་ཟིནཡོད། རྒྱ་ནག་གིས་ཡུ་རོབ་མཉམ་འབྲེལ་ལ་སྣང་ཆུང་བྱེད་ཀྱི་ཡོད་པའི་དཔང་རྟགས་ཁག་གཞི་རྩར་བཟུང་ནས་ང་ཚོས་རང་གི་ཆེ་མཐོང་དང་ཁེ་ཕན་ལ་སྲུང་སྐྱོབ་བྱ་ངེས་ཡིན་ཞེས་བཤད། སྔ་ལོ་ཧྥ་རན་སི་དང་ཨོ་སི་ཊི་རི་ཡ་སོགས་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ལ་སྨན་པ་དང་འཕྲོད་བསྟེན་ལས་སྣེ་རྣམས་བཏང་ནས་རོགས་སྐྱོར་བྱས་ཀྱང་རྒྱ་ནག་གཞུང་གིས་དེ་ལ་གླེང་མི་བྱེད་པར་གོ་ལའི་ཁྱོན་འདིར་ཏོག་དབྱིབས་རིམས་ནད་ལ་འཐབ་རྒོལ་བྱེད་བཞིན་པའི་སྐབས་འདིར་རྒྱ་ནག་ནིའཛམ་གླིང་མི་དམངས་ལ་ཛ་དྲག་གི་རོགས་སྐྱོར་བྱེད་མཁན་དང་། རྒྱ་ནག་ནི་འཛམ་གླིང་མི་དམངས་ཀྱི་མགོན་སྐྱབས་དཔུང་གཉེན་འབའ་ཞིག་ཡིན་པའི་རྣམ་པ་སྟོན་གང་ཐུབ་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG